ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བཟོ་ལས་གྲངས་གཞི་ཡོངས་བསྒྲགས་མཉམ་སྤྱོད་བྱེད་མགྱོགས་སུ་བཏང་སྟེ་ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་རིམ་སྤོར་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་1ཉིན་གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། བཟོ་འཕྲིན་པུའུ་ཡིས་བཟོ་ལས་གྲངས་གཞི་ཕྱོགས་ཡོངས་ནས་བསྡུ་རུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ། བཟོ་ལས་གྲངས་གཞི་མཉམ་སྤྱོད་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་རིམ་སྤོར་ལ་རམ་འདེགས་བྱ་རྒྱུ་རེད།

ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་རིམ་སྤོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་ལ་དོན་སྙིང་ཆེན་པོ་ལྡན་པ་དང་། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་གྲངས་གཞི་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཐུག་ཡོད།

བཟོ་འཕྲིན་པུའུ་ཡིས་བཏོན་དོན། བཟོ་ལས་སྒྲིག་བཀོད་ཁེ་ལས་ལ་གྲངས་གཞི་འབྲེལ་མཐུད་བྱ་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་གྲངས་གཞི་ཕྱོགས་ཡོངས་ནས་བསྡུ་རུབ་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་བཟོ་ལས་ཀྱི་དྲ་རྒྱ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་གྲངས་གཞི་སྤུས་ཚད་མཐོ་བའི་གཅིག་འདུས་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བཟོ་ལས་གྲངས་གཞི་ཆེ་མོའི་ལས་སྟེགས་སྤྱི་འདོམས་ངང་འཛུགས་པ། ཐོན་ལས་འཁོར་སྦྲེལ་གྱི་འཆར་གཞི་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་ཇུས་འགོད་བཟོ་བ། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས།

ལས་སྟེགས་ཁེ་ལས་ཀྱི་གྲངས་འཛིན་ཡོངས་བསྒྲགས་ནུས་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། གྲངས་འཛིན་ཞབས་ཞུ་མཁོ་འདོན་བྱེད་པ་ནི་ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་རིམ་སྤོར་གྱི་བྱ་ཐབས་གལ་ཆེན་ཞིག་རེད། ཉེ་ཆར་ཅིན་ཏུང་གྲངས་གཞིའི་ཚན་རྩལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཁུལ་ལེབ་ཕྲེང་འབྲེལ་གྲངས་འཛིན་དཔང་ཉར་ལས་སྟེགས་ལ་བརྟེན་ནས་ཁུལ་ལེབ་ཕྲེང་འབྲེལ་གྱི་གློག་རྡུལ་གན་རྒྱ་སོགས་ཁེ་ལས་རིམ་པའི་ཉེར་སྤྱོད་བཏོན་ནས་དངོས་ཚན་ཁེ་ལས་ལ་ལས་གཉེར་གྱི་ལས་ཕྱོད་ཆེ་རུ་གཏོང་རོགས་དང་ཉོ་ཚོང་གི་བདེ་འཇགས་སྲུང་སྐྱོང་བྱེད་རོགས་བྱས་ཡོད། རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་འདོན་ཀུང་སིས་གློག་ཤུགས་ཀྱི་གྲངས་གཞི་ཆེ་མོར་བརྟེན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གནད་འཁེལ་གྲལ་བཤེར་བྱས་པ་དང“གློག་རིན་བསྡུ་བའི་ཨང་རྟགས་བརྒྱུད་བསྐུར”སོགས་གྲངས་འཛིན་ཉེར་སྤྱོད་བཏོན་ནས་ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།