དུས་ཚིགས་དང་པོའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད97.9%ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་གཞི་ལོན་ཚད་97.9%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་གནས་ཚུལ་ལ་རིམས་ནད་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོ་ཕོག་མེད་པར་སྤྱི་ཡོངས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཁྱོན་བསྡོམས་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)31དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་5ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཁྱོན་བསྡོམས་གྲོང་ཁྱེར་ཆེ་འབྲིང་135ཡི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་644དང་། སྔོ་ཚལ་སྐྱེལ་འདྲེན་རླངས་འཁོར་242 བཤས་ར་163 གསོ་ཚགས་ར་བ་240 ཆུའི་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་རམ་ཡང་ན་གནས་སྐབས་གསོ་ཉར་རྫིང་བུ་438 ཞིང་ལས་ཐོན་རྫས་སྡེབ་ཚོང(ཞིང་ཞོར་ཐོན་རྫས)ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་950བཅས་དང་། སྔོ་ཚལ་དང་།  སྒོ་ཕྱུགས། བྱ་རིགས་བཅས་ཀྱི་ཐོན་རྫས་དང་ཆུའི་ཐོན་རྫས་སོགས་ཐོན་རྫས་རིགས་ཆེ་གྲས་3གྱི་སྣ་ཁ་95ཡི་གཞི་གྲངས་130ཡི་མ་དཔེ་9257ལ་འཐེན་བཤེར་བྱས་ཡོད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར་གཞིགས་ན། སྔོ་ཚལ་དང་། སྒོ་ཕྱུགས། བྱ་རིགས་བཅས་ཀྱི་ཐོན་རྫས་དང་ཆུའི་ཐོན་རྫས་ཀྱི་ཚད་གཞི་ལོན་ཚད་97.7%དང་། 98.9% 96.5%བཅས་ཁག་སོ་སོར་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3དང་། 0.4  0.8བཅས་སོ་སོར་འཕར་ཡོད།

མིག་སྔར་ཞིང་ལས་གྲོང་གསེབ་པུའུ་ཡིས་ལྟ་ཞིབ་ཚད་ལེན་བྱས་འབྲས་ས་གནས་ཁག་ལ་བརྡ་ཁྱབ་བཏང་སྟེ་ལྟ་ཞིབ་ཚད་ལེན་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ལ་ལྟ་སྐུལ་སྒྲུབ་གཉེར་བྱས་ནས་ས་གནས་ཁག་གི་ཞིང་ལས་གྲོང་གསེབ་པུའུ་ཡི་གཙོ་གཉེར་སྡེ་ཚན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྟ་སྐུལ་འཐེན་བཤེར་དང་། ཚད་གཞི་ལོན་མེད་པའི་ཞིང་ལས་ཐོན་རྫས་དང་དེ་བཞིན་ཐོན་སྐྱེད་ཚན་པར་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སྔོ་ཚལ་དང་། སྒོ་ཕྱུགས། བྱ་རིགས་བཅས་ཀྱི་ཐོན་རྫས་དང་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་། ཞིང་སྨན་དང་ཕྱུགས་སྨན་སྣོན་རྒྱུ་བཀག་འགོག་བྱེད་པའི་གནད་དོན་ལ་དམིགས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་སྤེལ་རྒྱུའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།