ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བརྒྱད་ཀྱིས་གཟིགས་སྐྱོང་སྐྱེད་ཀར་བརྟེན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་དང་ཁྲོམ་རའི་བྱེད་པོའི་དགོས་མཁོ་འཚམ་མཐུན་གང་ལེགས་ཡོང་བར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་། འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུའུ། ནོར་སྲིད་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན། ཕྱི་དངུལ་ཅུས་བཅས་དང་མཉམ་དུ《ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་པ་རེད།

ཀྲུང་གོ་མི་དམངས་དངུལ་ཁང་གི་འགན་ཁུར་བས། འདི་ལོ་ཚུན་དུ་དངུལ་རྩ་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། བྱ་སྤྱོད་མགྱོགས་མྱུར་སྤེལ་བ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ནས། དངུལ་རྩའི་ཁྲོམ་རའི་འཁོར་རྒྱུག་རང་བཞིན་ལུགས་མཐུན་འཐུས་ཚང་རྒྱུན་འཁྱོངས་བྱས་པ་དང་དུས་མཚུངས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་ཆུང་དུ་གཏོང་རྒྱུར་གཙོ་གནད་ཐོག་དམིགས་ཏེ་བྱ་ཐབས་རབ་དང་རིམ་པ་བཏོན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཅས་ལ་གནད་སྨིན་གྱི་དངུལ་རྩའི་ཞབས་འདེགས་ཞུས་ཡོད། ད་ཐེངས་བཏོན་པའི《བསམ་འཆར》ནང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཚོང་ལས་དངུལ་ཁང་གི་ནུས་པ་ཆེར་གཏོང་འདུ་འགོད་ལག་ལེན་བསྟར་བ། ཕྱི་ཕྱོགས་ཀྱི་སྲིད་ཇུས་ཁོར་ཡུག་དང་ལྕག་སྐུལ་གཅུན་སྡོམ་གྱི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་མང་བའི་མ་རྩའི་ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་ནུས་པ་འདོན་པ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་མ་ལག་སྐྲུན་ཤུགས་ཆེ་རུ་གཏོང་བ། ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བདུན་ཐད་སྲིད་ཇུས་ཀྱི་བྱ་ཐབས་ཁག་30བཏོན་ཡོད་ཅེས་བརྗོད་པ་རེད།

《བསམ་འཆར》ནང་། དངུལ་རྩའི་སྒྲིག་གཞི་ཁག་གིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས་པ་དང་འབྲེལ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་ནུས་པ་ཆེར་གཏོང་གི་འདུ་འགོད་ལག་ལེན་བསྟར་དགོས། རྒྱལ་ཡོངས་རང་བཞིན་གྱི་དངུལ་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནང་ངོས་གཞན་སྒྱུར་གྱི་བཅད་གོང་གཟིགས་སྐྱོང་བྱེད་ཤུགས་ཀྱི་གཞི་གནས་50ལས་མི་དམའ་བ་དང་། གཞུང་ཁོངས་ཚོང་ལས་དངུལ་ཁང་ལྔ་ཡིས་ཀུན་ཕན་རང་བཞིན་གྱི་ཕྲན་ཚེགས་ཁེ་ལས་ལ་བུན་གཏོང་འཕར་ཚད་40%ལས་མཐོ་བ། གསར་འབྱེད་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་སྒོར་དུང་ཕྱུར་3500ཡི་ཆེད་དོན་ཡིད་རྟོན་དངུལ་བུན་གྱི་གྲངས་བཅད་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་གཟིགས་སྐྱོང་སྐྱེད་ཀར་བརྟེན་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བསམ་འཆར》ནང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཁོར་ཡུག་དང་ལྕག་སྐུལ་གཅུན་སྡོམ་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་མང་པོ་ཕྱོགས་བསྡུས་སྤྱོད་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་དུས་འཁོར་ལྡོག་པའི་སྙོམས་སྒྲིག་དང་གྲུབ་ཆ་ལེགས་སྒྲིག་གི་ནུས་པར་ཤུགས་སྣོན་རྒྱག་པ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། ཚོང་ལས་དངུལ་ཁང་གིས་ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་ཞུ་རྒྱུར་ལྟ་འདོམས་གདེང་འཇོག་དང་། དངུལ་རྩའི་ཁེ་ལས་ཀྱི་ལས་རྗེས་གདེང་འཇོག་དོ་དམ་བྱ་ཐབས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་དཔྱད་ཞིབ་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱི་ཕྱོགས་དཔྱད་ཞིབ་ཀྱི་ལྕག་སྐུལ་ལམ་སྲོལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།