ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བཞི་པའི་བར་རྒྱལ་ཡོངས་སུ་ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་སྤྲོད་ཚད་སྒོར་དུང་ཕྱུར147.82ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པར་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བཞི་པའི་བར། རྒྱལ་ཡོངས་ཀྱི་ཞིང་ལས་འགན་བཅོལ་ཐད་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་265.81བྱུང་ནས་ཞིང་པ་དུད་ཐེངས་ཁྲི་5419.79ལ་ཉེན་ཁའི་འགན་སྲུང་དངུལ་སྒོར་དུང་ཕྱུར་ཁྲི་1.31མཁོ་འདོན་བྱས་པ་དང་། དེ་དག་ལས་གནོད་འཚེ་ཕོག་པའི་ཞིང་པ་དུད་ཐེངས་ཁྲི་960.86ལ་གུན་གསབ་དངུལ་སྒོར་དུང་ཕྱུར་147.82སྤྲད་པ་རེད། མིག་སྔར། རང་རྒྱལ་ནི་ཞིང་ལས་འགན་བཅོལ་གྱི་རྒྱལ་ཁབ་ཆེ་ཤོས་ཏེ། ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པ་ཡིན་པ་རེད།

དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ན་ནིང་། ཞིང་ལས་ཀྱི་གནོད་འཚེ་ཆེན་པོ་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་དེ་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་པོ་200ནས་500བར་མང་དུ་བཏང་ནས། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་འབྲུ་རིགས་གཙོ་བོ་གསུམ་འགན་བཅོལ་འགན་སྲུང་བྱེད་པར་དངོས་བསྒྱུར་མ་གནས་འགན་སྲུང་བྱེད་པ་ནས་ས་ཞིང་ནང་བཤུག་གི་མ་གནས་བར་མཐོ་རུ་བཏང་བས། འགན་སྲུང་ཐུབ་ནུས་ཆ་སྙོམས་90%ཡན་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག  འབྲུ་རིགས་གཙོ་བོ་གསུམ་གྱི་མ་གནས་ཆ་ཚང་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཚོད་ལྟ་ཡང་ཧུར་ཐག་བྱས་ནས། འགན་བཅོལ་ནང་ཞུགས་མཁན་ཞིང་དུད་ཚོར་རང་བྱུང་གནོད་འཚེ་དང་ཁྲོམ་རའི་འགྱུར་ལྡོག་གི་ཉེན་ཁར་དོགས་ཟོན་བྱེད་རོགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

གོམ་སྟབས་རྗེས་མར། དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་གཞུང་གིས་སྣེ་འཁྲིད་པ་དང་། ཁྲོམ་ར་འཁོར་སྐྱོད་བྱེད་པ། རང་རྟེན་རང་མོས། གཞོགས་འདེགས་སྐུལ་འདེད་བཅས་ཀྱི་རྩ་དོན་ལྟར། ཞིང་ལས་འགན་བཅོལ་ཞབས་འདེགས་ནུས་པ་ཆེ་རུ་དང་ཞིང་ལས་འགན་བཅོལ་འཁོར་སྐྱོད་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཞིང་ལས་འགན་བཅོལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ལས་འགན་བཅོལ་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་མགྱོགས་སུ་བཏང་ནས། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་འགན་བཅོལ་འགན་སྲུང་གི་དགོས་མཁོ་སྔར་བས་ཡག་པོ་སྐོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།