ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་དངུལ་རྩའི་སྒྱུར་བཅོས་བྱ་ཐབས11འདོན་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་བརླིང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་དམངས་དངུལ་ཁང་། དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན། འཛིན་ལོར་ལྟ་འདོམས་ཨུ་ལྷན། ཕྱི་དངུལ་ཅུས་སོགས་དངུལ་རྩའི་ཨུ་ལྷན་གྱི་ཁོངས་མིའི་ཚན་པས་ཞིབ་འཇུག་གཏིང་ཟབ་བྱས་རྗེས“ཆ་ལག་ཚང་རིམ་བཞིན་འདོན་པའི”རྩ་དོན་ལྟར། ཉེ་དུས་དངུལ་རྩའི་སྒྱུར་བཅོས་བྱ་ཐབས་ཁག་11འདོན་རྒྱུ་ཡིན་པ་རེད།

དངུལ་རྩའི་སྒྱུར་བཅོས་བྱ་ཐབས་དེ་དག་ནང་། གཅིག 《ཚོང་ལས་དངུལ་ཁང་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་ལྟ་འདོམས་ཀྱི་གདེང་འཇོག་བྱ་ཐབས》བཏོན་ནས། ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་ཞུ་བའི་ལྕག་སྐུལ་འཆུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཡིད་རྟོན་དངུལ་བུན་གཡར་བ་དང་། ནང་ཁུལ་ཆེད་ལས་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ། ལྟ་འདོམས་སྲིད་ཇུས་དོན་འཁྱོལ། ཐོན་རྫས་དང་ཞབས་འདེགས་གསར་གཏོད་སོགས་ཀྱི་ཐད་ནས་གདེང་འཇོག་དང་ཁྱད་པར་ཅན་གྱི་གདེང་འཇོག་དམིགས་ཚད་བཟོ་བ། ཚོང་ལས་དངུལ་ཁང་གིས་ལས་འགན་གཙང་སྒྲུབ་བྱས་ཕྱིན་འགན་འཁྲི་འཁུར་མི་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ནས་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་གཡར་སྐབས་ཁྱད་པར་བཟོ་བ་དང་གདེང་འཇོག་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས། 《དངུལ་ཁང་འབྲིང་ཆུང་སྒྱུར་བཅོས་ཟབ་སྤེལ་དང་མ་རྩ་ཁ་གསབ་བྱེད་པའི་ལས་ཀའི་ཇུས་གཞི》བཏོན་ནས། དངུལ་ཁང་འབྲིང་ཆུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྔར་བས་སྐུལ་འདེད་གཏོང་བ་དང་། དངུལ་ཁང་འབྲིང་ཆུང་གི་མ་རྩ་ཁ་གསབ་བྱེད་ཚད་མགྱོགས་སུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་མཐའ་འཁྱོངས། ཐབས་ལམ་མང་པོ་སྤྱད་ནས་མ་དངུལ་གྲབས་གསོག མ་རྩ་ཁ་གསབ་དང་ཀུང་སི་བཅོས་སྐྱོང་ལེགས་བཅོས་ཟུང་འབྲེལ་དམ་ཟབ་བཅས་བྱེད་དགོས། 《གྲོང་གསེབ་ཡིད་རྟོན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》བཟོས་ཏེ། རྫོང་ཁོངས་ཀྱི་ཁྲིམས་མིའི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་དང་། དྲང་ཕྱོགས་ཀྱི་ལྕག་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་དང་ཉེན་ཁ་སེལ་བའི་ལས་ཀར་སྤྱི་འདོམས་བྱས་ནས་ལེགས་པར་སྒྲུབ་དགོས།

གསུམ། 《སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་དང་། སླར་ཡང་ཁག་ཐེག་སྒྲིག་གཞིའི་ལས་རིགས་ཀྱི་ལས་རྗེས་གདེང་འཇོག་དང་མཛུབ་ཁྲིད》བཏོན་ནས། རིམ་ཁག་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་དང་ཁག་ཐེག་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་དང་ཞིང་ལས་ལ་རྒྱབ་སྐྱོར་དང་། ཁག་ཐེག་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་བར་དམིགས་ནས། ཉེན་ཁ་ཁག་བགོས་ཀྱི་ནུས་པ་གང་ལེགས་འདོན་པ་དང་ཁེ་ལས་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དཀའ་གནད་སེལ་རོགས་བྱེད་དགོས།

བཞི། 《ལས་གཏོད་ཁྲོམ་རས་མ་རྐང་འཛིན་ལོར་ཐོ་འགོད་དང་དོ་དམ་བྱ་ཐབས(ཚོད་ལྟའི་བྱ་ཐབས)ཐོག་མར་བཏོན་པ》སོགས་སྒྲིག་སྲོལ་ཁག་བཞི་བཏོན་ནས《ལས་གཏོད་ཁྲོམ་རའི་མ་རྐང་འཛིན་ལོར་ཁྲོམ་རར་འདོན་པའི་སྒྲིག་སྲོལ》སོགས་སྒྲིག་སྲོལ་གཙོ་བོ་བརྒྱད་ཡོངས་བསྒྲགས་བྱས་ཏེ་ལས་གཏོད་ཁྲོམ་རའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ཐོ་འགོད་ལམ་ལུགས་ཀྱི་ཚོད་ལྟར་སྐུལ་འདེད་བཏང་ནས་ལས་གཏོད་ཁྲོམ་རའི་ཁེ་ལས་ཀྱི་ཐོ་འགོད་ལམ་ལུགས་བཀོད་སྒྲིག་དང་། རྒྱུན་མཐུད་ལྟ་སྐུལ། འགྲེམས་སྤེལ་དང་འོས་སྦྱོར་འགན་ལེན་སོགས་ལེ་ལག་ཚང་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

ལྔ། 《རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་རྐང་ནང་བཤུག་མ་ལག་སྒོ་བྱང་བཀལ་ཏེ་ཁྲོམ་རར་འདོན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ནས། མ་རྐང་གི་རྣམ་པ་གསར་པ་སྒྱུར་བཅོས་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཡོངས་བསྒྲགས་སུ་འགྲེམས་སྤེལ་བརྟན་པོ་དང་ཧུར་ཐག་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་བདམས་ནས་སྤྱི་པའི་ཞལ་འདེབས་ཐེབས་རྩར་མ་དངུལ་འཇོག་ཆོག མ་རྐང་གི་རྣམ་པ་གསར་པའི་སྒོ་བྱང་བཀལ་བའི་ཀུང་སི་ཁྲོམ་རར་ཞུགས་པའི་ལམ་སྲོལ་འཛུགས་དགོས། མ་རྐང་ནང་བཤུག་གི་ཁྱབ་ཁོངས་དང་། ཆ་རྐྱེན། གོ་རིམ་སོགས་ཀྱི་གཞི་རྩའི་བླང་བྱ་ཁ་གསལ་བཟོ་བ་དང་། མ་རྐང་གི་རྣམ་པ་གསར་པའི་ཁྲོམ་རའི་གོང་འོག་འབྲེལ་མཐུད་ཀྱི་ནུས་པ་གང་ལེགས་བཏོན་ནས་རིམ་པ་མང་བའི་མ་རྩའི་ཁྲོམ་རའི་འབྲེལ་མཐུད་ཡག་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས།

དྲུག 《ཚད་ལྡན་ཅན་གྱི་འཛིན་ཤོག་དོ་དམ་བྱ་ཐབས》བཏོན་ནས། ཚད་ལྡན་ཅན་གྱི་འཛིན་ཤོག་དང་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་། འཛིན་ཤོག་དེ་རྨང་གཞིའི་རྒྱུ་ནོར་ལ་བརྩིས་ནས་གཅིག་སྡུད་བྱས་རྗེས་བུན་འཛིན་ཁྲོམ་རར་འཁོར་རྒྱུག་ཡོང་བར་རྒྱབ་སྐྱོར་དང་། རྒྱུ་ནོར་དོ་དམ་ཐོན་རྫས་ཀྱི་མ་དངུལ་ཚད་ལྡན་ཅན་གྱི་འཛིན་ཤོག་ལ་རྒྱབ་སྐྱོར་བྱས་ཏེ། བུན་འཛིན་ཁྲོམ་རའི་མ་དངུལ་གྱི་ནུས་པ་འདོན་པ་དང་། ལྟ་འདོམས་བརྒྱུད་ནས་ཁེ་སྤོགས་རག་ཐབས་བྱེད་ཚད་ཉུང་དུ་གཏོང་བ། ཁེ་ལས་ཆུང་འབྲིང་དང་མཁོ་སྤྲོད་སྦྲེལ་ཐག་གི་མ་དངུལ་བསྡུ་སྒྲིལ་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས།

བདུན། 《ཚད་ལྡན་ཅན་གྱི་བུན་དབང་རིགས་ཀྱི་རྒྱུ་ནོར་ངོས་འཛིན་སྒྲིག་སྲོལ》ཁྱབ་བསྒྲགས་བྱས་ཏེ། རྒྱུ་ནོར་དོ་དམ་གྱི་གཏན་འབེབས་གསར་པའི་བླང་བྱ་དོན་འཁྱོལ་བྱས་ནས་ཚད་ལྡན་ཅན་གྱི་བུན་དབང་རིགས་ཀྱི་རྒྱུ་ནོར་ངོས་འཛིན་ཁྱབ་ཁོངས་དང་ངོས་འཛིན་ཆ་རྐྱེན་ཁ་གསལ་བཟོ་དགོས། ཚད་ལྡན་མིན་པ་ཚད་ལྡན་ཅན་ལ་སྒྱུར་བའི་ལམ་སྲོལ་བཟོས་ཏེ“ཚད་ལྡན་ཅན་མིན་པ་མ་ཡིན་པའི”རྒྱུ་ནོར་ཡོད་རིགས་ལ་བར་བརྒལ་དུས་སྐབས་བཀོད་སྒྲིག་བྱས་ཏེ། མ་རྩའི་དོ་དམ་ལས་སྒོ་ཕྱོགས་སྒྱུར་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས།

བརྒྱད། 《ཕྱི་རྒྱལ་སྲིད་གཞུང་རིགས་ཀྱི་སྒྲིག་གཞི་དང་རྒྱལ་སྤྱིའི་གསར་སྤེལ་སྒྲིག་གཞིའི་བུན་འཛིན་ལས་སྒོའི་མཛུབ་ཁྲིད》ཁྱབ་བསྒྲགས་བྱས་ནས། ཕྱོགས་མང་བུ་ལོན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་བླང་བྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་མང་བུ་ལོན་འགྲེམས་སྤེལ་གྱི་སྒྲིག་སྲོལ་ཞིབ་ཕྲ་བཟོ་བ་དང་མི་དམངས་ཤོག་སྒོར་གྱི་མ་དངུལ་གྱི་དགོས་མཁོ་ངོ་མ་ཡོད་པའི་འགྲེམས་སྤེལ་བྱེད་མཁན་ལ་དངུལ་བུན་གཏོང་བར་སྐུལ་མ་བཏང་ནས་ཕྱོགས་མང་བུ་ལོན་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

དགུ། ཡིད་རྟོན་རིམ་པ་དཔྱད་འདེམས་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་རྒྱལ་སྤྱིའི་རིམ་པ་དཔྱད་འདེམས་སྒྲིག་གཞི་དང་དམངས་གཉེར་གྱི་རིམ་པ་དཔྱད་འདེམས་སྒྲིག་གཞིས་རང་རྒྱལ་དུ་བུན་འཛིན་གྱི་ཡིད་རྟོན་རིམ་པ་དཔྱད་འདེམས་ལས་སྒོ་སྤེལ་ཆོག་པ་དང་། མངའ་ཁོངས་ཀྱི་རིམ་པ་དཔྱད་འདེམས་སྒྲིག་གཞིས་རྒྱལ་སྤྱིའི་ལས་སྒོ་རྒྱ་སྐྱེད་ཧུར་ཐག་གཏོང་བར་ལྕག་སྐུལ་བྱེད་དགོས།

བཅུ། ཐོ་འགོད་རྩིས་གཉེར་ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས། རྩིས་པའི་ལས་དོན་ཁང་གིས་སྤུས་ཚད་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ལྟ་སྐུལ་སློབ་སྟོན་དང་། རྩིས་པའི་ལས་དོན་ཁང་གི་ལས་གཉེར་དོ་དམ་ལེགས་སྒྲིག་དང་། རྩིས་བཤེར་སྤུས་ཚད་ཀྱི་ལག་བསྟར་ཇུས་གཞི་ལེགས་སུ་ཏན་ཏིག་བཏང་ནས། རྩིས་པའི་ལས་གཉེར་ཁང་གི་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། རྩིས་པའི་ལས་གཉེར་ཁང་གིས་འཛིན་ལོར་ཞབས་ཞུའི་ལས་སྒོ་གཉེར་རིགས་ཐོ་འགོད་དོ་དམ་བྱེད་ཐབས་དངོས་སུ་འདོན་པ་དང་། རྩིས་པའི་ལས་གཉེར་ཁང་གི་འཛིན་ལོར་ཞབས་ཞུའི་ལས་སྒོ་གཉེར་བའི་ཐོབ་ཐང་ཞིབ་མཆན་མེད་པར་བཟོ་དགོས།

བཅུ་གཅིག 《དངུལ་རྩའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས། ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ནོར་འཁྲུལ་ལ་ཆད་པ་འོས་འཚམ་གཅོད་པའི་རྩ་དོན་ལྟར། དངུལ་རྩའི་སྒྲིག་གཞིའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐེངས་གྲངས་ལྟར་ཆད་པ་གཅོད་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་ངོས་འཛིན་བྱེད་པའི་ཚད་གཞི་ཁ་གསལ་བཟོས་ཏེ། དངུལ་རྩའི་སྒྲིག་གཞི་དང་མཚམས་སྦྱོར་སྒྲིག་གཞིའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཁྲིམས་འགལ་གྱི་འགན་འཁུར་མི་སྣར་ཁྲིམས་ལྟར་སྒེར་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དངུལ་རྩའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་བར་ཟིལ་གནོན་ནུས་ལྡན་ཆགས་པར་བྱས་ཏེ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་བཅས་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།