ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ནས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་དང་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། སྲིད་གཞུང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུའུ་ཧྲའོ་ཧྲི་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ནས། གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུར་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧྲི་ཡའོ་པེན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་མཇུག་འབྲས་སྙན་ཞུར་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་དབྱང་ཀྲིན་ཝུའུ་ཡིས་ཕུལ་བའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ཉིས་སྟོང་བཅུ་གདུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་འཆར་ཟིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་གྲོས་ཆོད་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན་ནས། གྲོས་ཆོད་འཆར་ཟིན་གཉིས་ལ་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་དམངས་ཁྲིམས་བསྟན་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། དམངས་ཁྲིམས་བསྟན་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་ལིས་ཧྥེ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུར་ཉན་པ་དང་། གྲོས་ཆོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་གོང་གི་གྲོས་ཆོད་འཆར་ཟིན་དང་སྙན་ཞུ། འཆར་ཟིན་བཟོ་བཅོས་མ་ཡིག་བཅས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་ཡིད་འཐད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།