ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ་དང་། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞིར་གསན། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ་དང་། མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་དང་རྒྱང་རིང་ལ་དམིགས་ཏེ་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ཧུར་ཐག་སྒོས་ཉམས་ཉེན་ཁྲོད་ནས་གོ་སྐབས་གསར་བ་བསྐྲུན་པ་དང་འགྱུར་ལྡོག་ཁྲོད་ནས་གནས་བབ་གསར་བ་བསྐྲུན་ཏེ། རང་རྒྱལ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་ཚོང་ར་ཡིན་པའི་སྦས་ཤུགས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་ཐབས་ཇུས་བཀོད་སྒྲིག་གི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་དེ་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་དང་དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་སྲ་བརྟན་དུ་བཏང་སྟེ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱས་ཤིང་། ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་འབེབ་གང་ལེགས་བྱེད་པར་འགན་སྲུང་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་དང་དབུལ་མཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དེས་དཀའ་ཁག་དང་བར་ཆད་ཁྱད་དུ་བསལ་ནས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་མཇལ་འཕྲད་དང་གྲོས་བསྡུར་བྱ་འགུལ་ལ་ཞུགས། 

མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སྟེང་། ཝང་དབྱེ་མེན་དང་ལིའུ་ཆི། ལིའུ་ཡུང་ཧའོ། ཧུའུ་ཞའོ་ལེན། དབྱང་ཁྲིན་ཀྲང་བཅས་ཨུ་ཡོན་ལྔ་ཡིས་ལས་ཞུགས་ཀྱི་གནས་བབ་གསར་བར་དམིགས་ནས་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་དེ་དབུལ་མཐར་མཁྲེགས་གཏོར་གྱི་འཕེལ་རྒྱས་ཁྱད་སྟོབས་སུ་འགྱུར་བ། དམངས་གཉེར་ཁེ་ལས་ཀྱིས་ཉེན་ཁ་གོ་སྐབས་སུ་བསྒྱུར་བ། དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། ལྟ་སྟངས་གསར་བས་ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱེད་པ་བཅས་ཀྱི་ཐད་ནས་གཏམ་བཤད་སྤེལ། 

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནངས། ཁོང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་ཐུག་འཕྲད་བྱས་པ་དང་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པར་གནས་བབ་ལ་དབྱེ་ཞིབ་དང་འཕེལ་ཕྱོགས་ཆེན་མོ་དམ་འཛིན་བྱས་ཤིང་། བདེན་འཚོལ་དང་རྒྱང་རིང་ལ་དམིགས་པའི་ལྟ་སྟངས་ཀྱིས་མིག་སྔའི་དཀའ་ཁག་དང་ཉེན་ཁ། འགྲན་རྩོད་བཅས་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཡོངས་དང་ཁྱད་པར་དུ་རིགས་སྣ་ཚོགས་ཀྱི་ཚོང་ར་གཙོ་བོའི་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བར་སྐུལ་ཁྲིད་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་འགྲོ་བ་དང་དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་གནས་བབ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པར་གལ་འགངས་ཧ་ཅང་ཆེ། འགན་སྲུང་དྲུག་ནི་ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་ཁག་ཐེག་ཡིན། ཕྱོགས་ཡོངས་ནས་ལས་ཞུགས་གཏན་འཇགས་ཡོང་བའི་བྱེད་ཐབས་ལ་ཤུགས་སྣོན་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཆུང་འབྲིང་དཀའ་ཁག་ལས་ཐར་བར་རོགས་རམ་བྱས་ཏེ། འབྲུ་རིགས་ཀྱི་ཐོན་སྐྱེད་གཙོར་འཛིན་པ་དང་། རྡོ་སོལ་དང་གློག རླངས་སྣུམ་བཅས་བདེ་འཇགས་དང་གཏན་འཇགས་ངང་མཁོ་འདོན་བྱེད་པ། ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་གཏན་འཇགས་ལ་འགན་སྲུང་བྱེད་པ། གཞི་རིམ་གྱི་སྤྱི་བའི་ཞབས་ཞུར་འགན་སྲུང་བྱེད་དགོས། དེའི་ཞོར་དུ་གཏན་འཇགས་དང་འགན་སྲུང་གི་རྨང་གཞིའི་སྟེང་ཡར་སྐུལ་བརྩོན་ལེན་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཀོད་སྒྲིག་ཅིག་བཏོན་ན་དངོས་འབེབ་བྱེད་རྒྱུ་གལ་ཆེན་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་ཇུས་གཞི་ཆེན་མོའི་མདུན་ནས་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་དངོས་འབེབ་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཏེ། སྲིད་ཇུས་བྱེད་ཐབས་ཀྱི་བབ་བསྟུན་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཆ་ཚང་རང་བཞིན་བཅས་ལ་ཤུགས་སྣོན་བྱས་ནས་སྲིད་ཇུས་ཀྱི་ཕན་འབྲས་ཆེན་པོ་ཐོབ་པར་བརྩོན་ལེན་བྱེད་དགོས། བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ནི་དངོས་ཡོད་ཆོས་ཉིད་ཀྱི་བརྩི་འཇོག་ཡིན་ལ། སྔར་ལས་མང་བའི་སྟོབས་ཤུགས་དང་ཐོན་ཁུངས་དེ་གཞི་རིམ་དུ་ཁ་གཏད་དེ་ཕན་འབྲས་དངོས་ཐོབ་པ་དམིགས་སུ་བཟུང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས་ཞེས་གསུངས། 

ཏེན་ཞོས་ཞང་དང་། ལིའུ་ཧི། ཀྲང་ཆིན་ལོས། ལིས་པེན། ཧི་ལི་ཧྥུན། ཀའོ་ཡུན་ལུང་བཅས་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།