ཀྲུང་གོ་བོད་ཀྱི་དྲ་བ།

“སྤྲིན་ཚོམ་དུད་སྣེའི”སྦྲེལ་ཟམ་བརྒྱུད་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་པ།—— ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཧྥ་རན་སེའི་དམངས་ཚོགས་དང་མཉམ་དུ་རིམས་འགོག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏོག་གསར་རིམས་ནད་ཧྥ་རན་སེར་ཁྱབ་པ་ནས་བཟུང་། ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་རིག་གནས་བརྒྱུད་བསྒྲགས་རྣམ་པ་གསར་གཏོད་དང་རྒྱ་སྐྱེད་དུ་བཏང་ནས་མཉམ་སྦྲེལ་དྲ་རྒྱ་དང་། ངོ་དེབ། ཐུའེ་ཐེ་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དྲ་ཐོག་གི་རིག་གནས་བྱེད་སྒོ་སྤེལ་བ་དང“སྤྲིན་ཚོམ་དུད་སྣེ”བརྒྱུད་དེ་ཀྲུང་ཧྥའི་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་གསར་པ་ཞིག་བཏོད་ཡོད་ཅེས་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲེ་མིང་ཡོན་གྱིས་བརྗོད་པ་རེད།
     ད་ལོའི་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་སློབ་མ་བསྡོམས་951བསྡུས་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་གཉིས་པ་ནས་བཟུང་། ཏོག་གསར་རིམས་ནད་ཧྥ་རན་སེར་ཁྱབ་ཆེར་སོང་བ་དང་། ཟླ་3ཚེས་17ཉིན་ཧྥ་རན་སེས“ཕྱིར་དོན་མི་ཆོག་པའི་བཀའ་རྒྱ”ལག་བསྟར་བྱས་རྗེས་དྲ་ཕྱིའི་སློབ་ཁྲིད་བྱེད་ཐབས་བྲལ། རིག་གནས་ལྟེ་གནས་ཀྱིས་བབ་དང་བསྟུན་ཏེ་སློབ་ཚན་རྒྱང་ཁྲིད་ཚོད་ལྟ་བྱས་པ་དང་ཟླ་གཉིས་པའི་ཟླ་དཀྱིལ་དུ་སློབ་ཁྲིད་གསོ་སྦྱོང་སློབ་ཚན་ཚང་མ་དྲ་ཐོག་ནས་ཁྲིད་འགོ་ཚུགས་ནས“ཁྱིམ་དུ་སློབ་ཚན་འཁྲིད་རྒྱུ་མཚམས་མི་ཆད་པ་དང་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་མཚམས་མི་འཇོག་པ”བྱས་པས་སློབ་མ་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།

ཧྥ་རན་སེའི་དམངས་ཚོགས་ཀྱིས་རིམས་ནད་ལ་དོན་དངོས་དང་འཚམ་པའི་ངོས་འཛིན་ཐུབ་པ་དང་ཀྲུང་གོ་མི་དམངས་ཀྱི་རིམས་འགོག་གཏམ་རྒྱུད་ཤེས་རྟོགས་ཐུབ་པ་བྱ་ཕྱིར། རིག་གནས་ལྟེ་གནས་ཀྱིས་དྲ་ཐོག་ཏུ“རིམས་འགོག་གསར་འགྱུར་དང་བརྙན་ལམ”ལེ་ཚན་བཏོད་དེ《ཀྲུང་གོའི་རིམས་འགོག་ལོ་རྒྱུས》ཞེས་པའི་མུ་འབྲེལ་དངོས་མཚོན་པར་གཞི་དང་རིམས་འགོག་བརྙན་ལམ་ཐུང་ངུ་མང་པོ་བརྒྱུད་བསྐུར་བྱས་པ་དང་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ་ཡིས་བརྩམས་པའི《ཀྲུང་གོ་དང་ཧྥ་རན་སེས་མཉམ་དུ་རིམས་འགོག་བྱས་པ་གང་ལས་ལྷག》ཅེས་པ་སོགས་རྩོམ་ཡིག་མང་པོ་བརྒྱུད་འགོད་བྱས་ནས་ཀྲུང་གོའི་རིམས་འགོག་གི་གྲུབ་འབྲས་དྲིལ་བསྒྲགས་བྱས་པ་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ། ཧྥ་རན་སེའི་དམངས་ཚོགས་ལ་ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྲིད་ཇུས་དང་བྱ་ཐབས་ནུས་ལྡན་གཏིང་ཟབ་དང་དོན་དངོས་ཀྱི་ཐོག་ནས་ངོ་སྤྲོད་བྱས་པ། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རིམས་འགོག་བྱས་ཏེ་དུས་སྐབས་ཀྱི་དཀའ་ངལ་སེལ་བའི་གནས་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱས་ཡོད

“ཏའེ་ལེ་ཧྥེ་ནཱ”ཟེར་བའི་དྲ་གྲོགས་ཤིག་གིས། རིག་གནས་ལྟེ་གནས་ཀྱི་དྲ་ཚིགས་ཐོག་བརྙན་ལམ་དེ་དག་བརྒྱུད་ཏོག་དབྱིབས་ནད་དུག་གསར་པར་ཤེས་རྟོགས་ངེས་ཅན་བྱུང་ལ། ནད་དུག་གི་འཇིགས་སྣང་ཡང་སེལ་སོང་། ཀྲུང་གོའི་རིམས་ནད་འགོག་རྒོལ་གྱི་གྲུབ་འབྲས་མཐོང་རྗེས་ཧྥ་རན་སེས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་དུ་ཕྱིན་སོང་ཞེས་བྲིས་ཡོད།

ལྟ་ཀློག་གི་དཔྱད་གཞི་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་རིག་གནས་ལྟེ་གནས་ཀྱིས་ཀྲུང་གོའི་རྒྱལ་ཁབ་དཔེ་མཛོད་ཁང་དང་མཉམ་ལས་བྱས་ཏེ་གྲངས་འཛིན་དཔེ་མཛོད་ཁང་གི་ལས་སྟེགས་བདེ་བླག་ངང་བཏོད་ཡོད། དེའི་ནང་གི་ཕུན་སུམ་ཚོགས་ལ་སྣ་ཁ་མང་བའི་གྲངས་འཛིན་དཔྱད་གཞི་དག་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། འཕེལ་རྒྱས། དེང་གི་སྤྱི་ཚོགས་འཚོ་བ་སོགས་དང་འབྲེལ་བ་ཡོད། ལས་སྟེགས་དེར་ད་དུང་དཔེ་དེབ་དང་། དུས་དེབ། བརྒྱུད་ལམ་སྣེ་མང་སྨྱན་སྦྱོར། ཡོངས་བསྒྲགས་སློབ་ཚན། འགྲེམས་སྟོན་བཅས་རིགས་ཆེ་གྲས་ལྔ་ཡོད་པ་དང་ཐོན་ཁུངས་ཀྱི་འབོར་ཚད་སྣ་ཁ་18000ལྷག་ཙམ་ཡོད།

རིག་གནས་ལྟེ་གནས་དཔེ་མཛོད་ཁང་གི་ཀློག་པ་པོ་ཏི་ཏི་ཨའེ་ཡིས། གྲངས་འཛིན་དཔེ་མཛོད་ཁང་གིས་མཁོ་འདོན་བྱས་པའི་ཐོན་ཁུངས་ཧ་ཅང་ཡག་པོ་འདུག ང་ཚོས་དྲ་ཐོག་ནས་བརྩམས་ཆོས་གྲགས་ཅན་ལྟ་ཀློག་བྱེད་ཐུབ་ལ། ཡོངས་བསྒྲགས་སློབ་ཚན་མང་པོ་ཉན་རྒྱུ་འདུག་པས་ཁྱིམ་སྡོད་ལོགས་འཇོག་གི་འཚོ་བ་ཉོབ་པོ་མེད་པར་སྤྲོ་སྣང་ཆེན་པོ་འདུག་ཅེས་བརྗོད།

གཞན་ཡང་། རིག་གནས་ལྟེ་གནས་ཀྱིས་དྲ་ཐོག་ནས“སྤྲིན་ཚོམ·ཀྲུང་གོའི་ཡུལ་ཁམས་བསྐོར་བ་སྟེ། ཀྲུང་གོའི་ཡུལ་སྐོར་པར་རིས་འགྲེམས་སྟོན”དང“སྤྲིན་ཚོམ·ཀྲུང་གོའི་ཡུལ་ཁམས་བསྐོར་བ་སྟེ། ཀྲུང་གོའི་དམངས་སྲོལ་པར་རིས་འགྲེམས་སྟོན”གཉེར་ཞིང་། ཡུལ་སྐོར་གྱི་དངོས་མཚོན་པར་གཞི་དང“མཛེས་པའི་ཀྲུང་གོ”ཞེས་པའི་མུ་འབྲེལ་དངོས་མཚོན་པར་གཞི་26སྤེལ་བ་དང་། ཧྥ་རན་སེའི་དམངས་ཚོགས་ལ“སྙན་ངག་དང་རྒྱང་རིང”གི་སྣང་བ་སྦྱིན་ཏེ་རང་ཁྱིམ་ནས་མ་དོན་པར་ཀྲུང་གོའི་རི་ཀླུང་མཛེས་ལྗོངས་མྱོང་རོལ་ཐུབ་པ་དང་། རིག་གནས་ཤུལ་བཞག་སྣ་ཚོགས་མྱོང་རོལ་གྱིས་ཀྲུང་གོའི་དམངས་སྲོལ་རིག་གནས་ལ་ཤེས་རྟོགས་ཐུབ་པ་བྱུང་ཡོད། “སྤྲིན་ཚོམ·ཀྲུང་གོའི་ཡུལ་ཁམས་བསྐོར་བ”ཞེས་པ་དྲ་ཐོག་ཏུ་བཏོན་པ་ནས་བཟུང་ཧྥ་རན་སེའི་དམངས་ཚོགས་ཀྱི་ཡིད་དབང་འཕྲོག་སྟེ་དྲ་དམངས་ཚོས་ཀྲུང་གོར་ཡུལ་སྐོར་དུ་འགྲོ་རྒྱུའི་གནས་ཚུལ་སྐོར་གཅིག་རྗེས་གཉིས་མཐུད་ངང་བློ་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།