ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་ཝུན་མེན་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས20ཉིན་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་ཝུན་མེན་ལ་ཁ་པར་བཏང་ནས་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོར་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། འབར་མའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོའི་ཕྱོགས་ལ་རོགས་སྐྱོར་བྱས་པ་དང་། འབར་མའི་རིམས་ནད་ལ་ང་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་མང་པོ་ཞལ་འདེབས་སུ་ཕུལ་བ་མ་ཟད། སྨན་བཅོས་ཆེད་མཁས་པའི་ཚན་ཆུང་ཁག་གཉིས་མངགས་ནས་འབར་མའི་སྨན་བཅོས་མི་སྣ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་རེད། དེའི་སྟེང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱེད་པའི་སྤུན་ཟླའི་བརྩེ་བ་མཚོན་ཡོད་ལ། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་གསལ་བཤད་གཏིང་ཟབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་མུ་མཐུད་དུ་ནུས་པ་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། འབར་མའི་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་སྤྱིའི་འཕྲོད་བསྟེན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱ་རྒྱུ་ཡིན་ཞེས་གསུངས།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འབར་མའི་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་རེད། ད་ལོའི་ཟླ1པོར། ངས་རྒྱལ་ཁའི་ངང་ཁྱེད་ཚོའི་རྒྱལ་ཁབ་ལ་འཚམས་འདྲི་གནང་ཐུབ་བས། ང་ཚོས་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་ཀྲུང་གོ་དང་འབར་མའི་འབྲེལ་བའི་དུས་རབས་གསར་པ་གཏོད་པར་མོས་མཐུན་བྱུང་ཡོད། ཕྱོགས་གཉིས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་འཚམས་འདྲིའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་རྒྱུའི་རེ་བ་ཡོད་པ་དང་། ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཐོག  ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས། དཔལ་འབྱོར་བར་ཁྱམས་ཀྱི་རྣམ་གྲངས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཡག་པོ་སྤྱད་དེ་མཐའ་མཚམས་ཀྱི་ཞི་བདེ་བདེ་འཇགས་དང་། རིམས་ནད་སྔོན་འགོག་ཚོད་འཛིན། ལས་ཐོན་སླར་གསོ་བཅས་ལ་གཅིག་གྱུར་གྱིས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

    ཝུན་མེན་གྱིས་བཤད་རྒྱུར། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་བྱུང་ཡོད་པས། འབར་མ་ཕྱོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབར་མ་ཚུད་པའི་རྒྱལ་ཁབ་གཞན་དག་ལ་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་དང་རྒྱལ་ཁབ་ཚང་མའི་འཕེལ་རྒྱས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས།  འབར་མ་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་བྱ་རྒྱུ་ཡིན་པ་དང་། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་དང་པོར་འབར་མར་འཚམས་འདྲི་གནང་བའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་དང་། སྤུན་ཟླའི་མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་ཟབ་སྤེལ་བྱས་ནས། འབར་མ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།