ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་གསུངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མང་ཚོགས་ཚང་མ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། མའོ་ནན་རིགས་ཀྱི་མང་ཚོགས་ཚང་མ་དབུལ་སྒྲོལ་བྱུང་བ་དང་། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་ཤེས་པས། ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཉེ་བའི་ལོ་འགའི་རིང་། གྲངས་ཉུང་མི་རིགས་མང་པོ་ཞིག་གི་མང་ཚོགས་ཚང་མ་སྔ་རྗེས་སུ་དབུལ་སྒྲོལ་བྱུང་བ་དེ་ནི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཡུལ་མི་ཚོས་དབུལ་སྒྲོལ་བྱུང་བ་དེ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། མུ་མཐུད་དུ་འབད་བརྩོན་དང་ཧུར་ཐག་བྱས་ནས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། དབུལ་ཐར་འགག་སྒྲོལ་ནི་རྒྱལ་ཕམ་ཐག་གཅོད་ཀྱི་གནད་འགག་གི་དུས་སུ་སླེབས་ཡོད། གནད་འགག་གི་དུས་སུ་ཡིད་ཆེས་སྔར་བས་བརྟན་པོ་བཅིངས་ནས་དངོས་ཐོག་དོན་འཁྱོལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། པྲོག་གསར་རིམས་ནད་ཀྱིས་ཐེབས་པའི་ཤུགས་རྐྱེན་སེལ་ནས། སྟོབས་ཤུགས་གཅིག་བསྡུད་ཀྱིས་དབུལ་སྐྱོར་གྱི་དཀའ་གནད་བཀྲོལ་བ་དང་། བྱེད་ཐབས་མང་པོས་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས་ལ། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་དང་འགན་ཁུར་སྤུས་ཚད་མཐོན་པོས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས་ནས་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་འབད་བརྩོན་ཆེན་པོས་རྒྱལ་ཁ་ལེན་དགོས།

མའོ་ནན་མི་རིགས་ནི་རང་རྒྱལ་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས28ཀྱི་གྲས་ཡིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཧོན་ཅང་རྫོང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་ཡིན་ལ། དེ་ཡང་རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་རང་སྐྱོང་རྫོང་གཅིག་པུ་དེ་ཡིན། རྫོང་ཡོངས་ལ་མའོ་ནན་རིགས་མི་ཁྲི6.45ཡོད་པ་དེས་རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་བརྒྱ་ཆའི70ཙམ་ཟིན། 2019ལོའི་ལོ་མཇུག་ཏུ། ཧོན་ཅང་རྫོང་གི་དབུལ་ཕོངས་བྱུང་ཚད་བརྒྱ་ཆའི1.48ལ་ཆག་ཡོད། 2020ལོའི་ཟླ5བར། ཧོན་ཅང་རྫོང་དབུལ་ཕོངས་རྫོང་ལས་ཐར་ཡོད། རྒྱལ་ཡོངས་ཀྱི་མའོ་ནན་མི་རིགས་ཀྱི་དབུལ་ཐར་གནས་ཚུལ་ལ་གཞིགས་ན། མའོ་ནན་རིགས་ཀྱི་མང་ཚོགས་ཚང་མ་དབུལ་ཕོངས་ལས་ཐར་ཡོད། ཉེ་ཆར། ཧོན་ཅང་རྫོང་མའོ་ནན་མང་ཚོགས་ཀྱི་འཐུས་ཚབ་པས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཕྲིན་ཡིག་བསྐུར་བ་དང་། འཕྲིན་ཡིག་ནང་ས་གནས་དེའི་མའོ་ནན་རིགས་ཀྱི་མང་ཚོགས་ཚང་མ་དབུལ་ཐར་བྱུང་བའི་དགའ་སྤྲོའི་སེམས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་མུ་མཐུད་དུ་འབད་བརྩོན་བྱས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་མཚོན་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།