ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས། 

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆེ་ཕྱོགས་ལ་ཁ་གཏད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པ་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དུས་རིམ་གསར་བར་བསླེབ་པ་དང་བསྟུན་པའི་རེ་བ་གསར་བ་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱི་ལ་གཅིག་གྱུར་བཀོད་འདོམ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ནུབ་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཇེ་ཆེར་བཏང་ཡོད། ཡིན་ཡང་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྲ་བརྟན་དུ་གཏོང་བར་སྔར་བཞིན་དཀའ་ཚེགས་ཆེ་ལ། ཤར་ཕྱོགས་ས་ཁུལ་བར་གྱི་འཕེལ་རྒྱས་བར་ཁྱད་སྔར་བཞིན་ཅུང་ཆེ་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས། རྒྱལ་ཁབ་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་སྔར་བཞིན་ལྗིད་པ་བཅས་ནི་སྔར་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཉག་ཕྲའི་ལས་རིམ་དུ་གྱུར་ཡོད། དུས་རབས་གསར་བར་མུ་མཐུད་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བྱ་བ་བཟང་བོར་བསྒྲུབས་པ་དེ། རིགས་སྣ་ཚོགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་མགོ་རྩོམ་པ་བཅས་ཀྱི་ཐད་དངོས་ཡོད་དང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད་ཟེར། 

མཛུབ་སྟོན་བསམ་འཆར་ལས་གསལ་བོར་བསྟན་དོན། བྱེད་ཐབས་ལེགས་བཅོས་བྱས་ཤིང་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ་བྱས་ཏེ། སྲུང་སྐྱོབ་དང་སྒོ་འབྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་ལེགས་བཅོས་དང་ཕན་ནུས་ལེགས་བཅོས། སྒུལ་ཤུགས་ལེགས་བཅོས་བཅས་ལ་སྐུལ་འདེད་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་གྲངས། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་བ། སྔར་ལས་འདྲ་མཉམ་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཉིས་སྟོང་ཉི་ཤུ་ལོའི་བར་ནུབ་བརྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག སྒོ་འབྱེད་ཁོར་ཡུག གསར་གཏོད་ཁོར་ཡུག་བཅས་ལ་ལེགས་བཅོས་མངོན་གསལ་ཐོབ་པར་འགན་སྲུང་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས། ཉིས་སྟོང་སོ་ལྔ་ལོའི་བར་ནུབ་བརྒྱུད་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་། གཞི་རྩའི་སྤྱི་བའི་ཞབས་ཞུ། རྨང་གཞིའི་སྒྲིག་ཆས་ཀྱི་འཐུས་ཚང་གི་ཚད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་ཤར་ཕྱོགས་ས་ཁུལ་དང་ཕལ་ཆེར་འདྲ་མཚུངས་ཡོང་བ་མངོན་འགྱུར་བྱེད་དགོས་ལ། ཧུར་ཐག་སྒོས་རིགས་མི་འདྲ་བའི་ས་ཁུལ་གྱི་ཁ་གསབ་འཕེལ་རྒྱས་དང་ཤར་ནུབ་ཕྱོགས་གཉིས་ཀྱི་སྒོ་འབྱེད་རོགས་ལས་མཉམ་སྐྱོད། མཐའ་མཚམས་མི་རིག་ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་བཅས་མངོན་འགྱུར་བྱེད་དགོས་ཟེར། 

མཛུབ་སྟོན་བསམ་འཆར་དེ་བསྡོམས་པས་ཁག་དྲུག་ཏུ་བགོས་ཡོད་དེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་མཛུབ་སྟོན་དུ་བྱས་ཏེ་ནུབ་བརྒྱུད་གསར་སྤེལ་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ། མཛེས་སྡུག་གི་ནུབ་བརྒྱུད་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྒྲིབ་སྲ་བརྟན་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་དངོས་འབེབ་བྱེད་པ། མི་དམངས་གཙོར་བཟུང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་འདུ་ཤེས། བདེ་འཇགས་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།