ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཡིན་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་བསྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ནས་བལྟས་ན། འདས་པའི་ལོ་གཅིག་གི་ནང་། རང་རྒྱལ་དཀའ་ཁག་དང་འགྲན་རྩོད་མང་བོར་འཕྲད་ཀྱང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ཁག་ཁྱད་བསལ་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སྲུང་བྱ་བ་དེ་གཙོར་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་བྱས་ཤིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་བྱས་ཏེ་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་གྱི་ཉེན་སྲུང་འཐབ་རྩོད་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། རིམས་ནད་འགོག་སྲུང་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པར་མ་ཟད། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཐད་ནས་ཕན་འབྲས་བཟང་བོ་བླངས་ཡོད་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་རིམས་ནད་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔ་ན་མེད་པའི་འགྲན་རྩོད་ལ་འཕྲད་ཡོད། ད་ལོའི་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་མཐའ་གཅིག་ཏུ་ལག་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་འདོམ་དང་ཡར་སྐུལ་བཏང་སྟེ། རྒྱུན་རྣམ་ཅན་གྱི་རིམས་འགོག་གི་སྔོན་འགྲོའི་ཆ་རྐྱེན་འོག གཏན་འཇགས་ཁྲོད་ནས་ཡར་སྐུལ་བརྩོན་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས། མཁོ་འདོན་གྲུབ་ཚུལ་གྱི་བཅོས་བསྒྱུར་སྙིང་བོར་བྱེད་པ་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱེད་པ་དང་། མཁྲེགས་གཏོར་ཆེན་མོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབས་ཏེ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་དགོས་ལ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་གང་ལེགས་བྱས་ཏེ་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར། 

གྲོས་ཚོགས་ནས་བསྟན་དོན། ད་ལོའི་དུས་རིམ་རྗེས་མར་ལྷོད་ཡངས་ཅུང་ཙམ་ཡང་མེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་དམ་འཛིན་བྱེད་པའི་ཞོར་དུ་གཙོ་བོ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ནོར་སྲིད་སྲིད་ཇུས་སྣ་ཚོགས་ནུས་ལྡན་ཡིན་དགོས་པ་དང་། གཏན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་སྔར་ལས་བབ་དང་འཚམ་པ་ཡིན་དགོས་ལ། ལས་ཞུགས་ཀྱི་སྲིད་ཇུས་གཙོ་བོ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་དགོས། ཆེ་མཐོང་སྲིད་ཇུས་ཀྱི་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་ནས་ཁེ་ལས་ཀྱིས་ལས་ཞུགས་ལ་འགན་སྲུང་བྱེད་པ་གཏན་འཇགས་ཡོང་བར་བྱེད་དགོས་པར་མ་ཟད། བཅོས་བསྒྱུར་ལ་བརྟེན་ནས་ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་དྲག་ཏུ་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་སྟངས་བསྒྱུར་བར་ཡར་སྐུལ་གཏོང་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ཏེ་ཞིང་ལས་ཐད་ལོ་ལེགས་འབྱུང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། དེ་མིན་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱི་དངུལ་གནས་བབ་གཏན་འཇགས་ཡོང་བར་བྱེད་དགོས་ལ། དམངས་འཚོ་ལ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་ནས་སྤྱི་ཚོགས་ལས་དོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། བསྟུད་མར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དག་ཐེར་བཅོས་སྐྱོང་བྱེད་པ་དང་། དོན་དངོས་དམ་འཛིན་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།