ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲི40ལྷག་ཙམ་བསྡུས་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ཁ་གསབ་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སློབ་གསོ་པུའུ། ཀྲུང་དབྱང་སྒྲིག་གཞི་གཞུང་དོན་ཁང་། ནོར་སྲིད་པུའུ་བཅས་ཀྱིས་མཉམ་དུ《2020ལོའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ཡོངས་བསྒྲགས་ངང་བསྡུ་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ་བརྡ་ཐོ་ཞེས་བསྡུ་རྒྱུ)བཀྲམ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་40ལྷག་ཙམ་བསྡུས་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ཁ་གསབ་བྱ་རྒྱུ་དང“དམིགས་བསལ་ལས་གནས་ཀྱི་དགེ་རྒན”5000བསྡུས་ནས་ལོ་འཁོར་དུ་དགེ་རྒན་བསྡུ་བའི་གཞི་ཁྱོན་མི་ཁྲི་10.5ཟིན་པ་བྱ་རྒྱུ་རེད།

བརྡ་ཐོའི་ནང་ས་གནས་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལས་བཟོའི་སྒྲིག་གྲངས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། བྱ་གཞག་ཚན་པའི་སྒྲིག་གྲངས་སྔོག་འདོན་དང་མཐུན་སྦྱོར་གསར་གཏོད་དང་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་གྲངས་མང་དུ་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་གཞིག་གང་ལེགས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་དགོས། བུ་བཅོལ་ཁང་གི་དགེ་རྒན་ཁ་གསབ་བྱེད་ཚད་མང་དུ་གཏོང་བ་དང་། ས་གནས་ཁག་གིས་བུ་བཅོལ་ཁང་གི་སྒྲིག་གྲངས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་ལོ་ལྟར་གྲངས་ཚད་ངེས་ཅན་གྱི་བུ་བཅོལ་ཁང་གི་དགེ་རྒན་ལས་བཟོའི་སྒྲིག་གྲངས་ཞིབ་དཔྱད་གཏན་འཁེལ་བྱས་ནས་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བུ་བཅོལ་ཁང་གི་དགེ་རྒན་ལ་བསྡུ་དགོས། དགེ་རྒན་ཡོངས་བསྒྲགས་ངང་བསྡུ་བའི་ཐད“སྔོན་ལ་ལས་གནས་ཐོག་བསྐྱོད་པ་དང་དེ་རྗེས་དཔྱད་ཞིབ”བྱེད་པའི་དུས་མཚམས་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་2020ལོའི་ཟླ་12ཚེས་31ཉིན་གྱི་གོང་དུ་བསྡུས་པའི་མཐོ་སློབ་སློབ་ཐོན་སློབ་མར་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་མེད་པ་དེ་ཚད་བཀག་རང་བཞིན་གྱི་ཆ་རྐྱེན་དུ་བརྩི་མི་ཆོག་ལ། སྟོན་ཕྱོགས་རང་བཞིན་ནམ་ཡང་ན་ལས་གནས་དང་འབྲེལ་བ་མེད་པའི་མཐོང་ཆུང་རང་བཞིན་གྱི་ཆ་རྐྱེན་འདོན་མི་ཆོག ལོ་ཚད་དང་། སློབ་རྒྱུས། ཆེད་ལས་སོགས་ཀྱི་ཆ་རྐྱེན་ལྷུག་ཏུ་གཏོང་བ་དང་དམའ་རུ་གཏོང་བའམ་ཡང་ན་ཡིག་རྒྱུགས་མི་གཏོང་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་མཐོ་སློབ་སློབ་ཐོན་སློབ་མ་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་སློབ་གྲྭར་དགེ་རྒན་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད།

བརྡ་ཐོའི་ནང“དམིགས་བསལ་ལས་གནས་ཀྱི་འཆར་གཞི”ལྟར་དགེ་རྒན་བསྡུ་ཚད་འགན་ལེན་བྱེད་དགོས་པ་དང་ཐེངས་གཅིག་ལ་འཆར་གཞི་ལེགས་སྒྲུབ་མི་ཐུབ་པའི་ཞིང་ཆེན་གྱིས་གཏན་འབེབས་གཞིར་བཟུང་རིམ་གྱིས་དགེ་རྒན་བསྡུ་བའི་ལས་དོན་ཁ་གསབ་བྱེད་པའམ་ཡང་ན་དགེ་རྒན་བསྡུ་བའི་ལས་དོན་ཐེངས་གཉིས་པ་སྒྲིག་འཛུགས་བྱེད་དགོས། “དམིགས་བསལ་ལས་གནས་ཀྱི་འཆར་གཞིའི”དགེ་རྒན་བསྡུ་བའི་ལས་དོན་སྤེལ་སྐབས། ཧུའུ་པེ་ཞིང་ཆེན་གྱི་དགེ་རྒན་བསྡུ་བའི་འཆར་གཞི་དང་སྐྱེ་ཁུངས་ཧུའུ་པེ་ནས་ཡིན་པ་དང་དེ་བཞིན་ཧུའུ་པེའི་མཐོ་སློབ་སློབ་ཐོན་སློབ་མར་གཟིགས་སྐྱོང་འོས་འཚམ་བྱེད་དགོས། དམངས་གཙུགས་སློབ་གྲྭས་དགེ་རྒན་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཞུགས་ལ་དཀའ་ངལ་འཕྲད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་བསྡུ་མཁན་དམངས་བཙུགས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ལ་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་ཁ་གསབ། ཐེངས་གཅིག་གི་ཐོག་ནས་ལས་མི་བསྡུས་པའི་ཁ་གསབ་སྤྲོད་པ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།