ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་ཁྱི་གྲང་ངར་ཆེ་བའི་མཐོ་སྒང་དུ་འཚོ་ཐུབ་པའི་རྒྱུ་རྐྱེན་གཞན་ཞིག་རྙེད་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲོག་ཁྱི་གྲང་ངར་ཆེ་བའི་མཐོ་སྒང་དུ་འཚོ་ཐུབ་པའི་རྒྱུ་རྐྱེན་གཞན་ཞིག་རྙེད་འདུག དེ་ནི་བསྐལ་བ་ཡ་ཐོག་གི“ཁྱི་ལྐོག་གྱུར་བ“ཞིག་དང་འབྲེལ་བ་ཡོད་སྲིད།

རྒྱུད་རྒྱུ་བརྗེ་རེས་བྱེད་པ་ནི་སྒོ་ཕྱུགས་ཡུལ་དུས་འཕྲོད་པའི་འཕེལ་འགྱུར་གྱི་སྒྲིག་གཞི་གལ་ཆེན་ཞིག་ཡིན། དུས་རྒྱུན་མི་རྣམས་ཀྱི་འདོད་ཚུལ་ལྟར་ན། མཐོ་སྒང་དུ་འཚོ་བར་ཕན་པའི་རྒྱུད་རྒྱུ་ཞིག་རྒྱུད་རྒྱུ་བརྗེ་རེས་བརྒྱུད། བོད་ཡུལ་གྱི་སྤྱང་སྐྱ་ལྡང་ནས་འབྲོག་ཁྱིར་རྒྱུད་པ་དང་། རྒྱུད་རྒྱུ་དེས་འབྲོག་ཁྱི་མཐོ་སྒང་གི་ཁོར་ཡུག་ཏུ་འཚོ་ཐུབ་པར་གྱུར་བར་འདོད། འོན་ཀྱང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཁོན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་རུ་ཁག་གིས་ཉེ་སྔོན་དོན་དངོས་ནི་དེ་ལྟ་བུ་ཞིག་མིན་པར་བསྐལ་བ་ཡ་ཐོག་གི“ཁྱི་ལྐོག་གྱུར་བ“ཞིག་དང་རྒྱུད་འདྲེས་པ་ལས་འབྲོག་ཁྱི་མཐོ་སྒང་དུ་འཚོ་ཐུབ་པར་སྐུལ་འདེད་བཏང་བར་ཤེས་རྟོགས་བྱུང་།  

ལོ་མང་པོའི་རིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཁོན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་ཀྲང་ཡཱ་ཕིང་ཞིང་འཇུག་བྱ་གཞིའི་ཚོ་ཆུང་དང་། བུའུ་ཏུང་ཏུང་ཞིང་འཇུག་བྱ་གཞིའི་ཚོ་ཆུང་གིས་གཞི་རྒྱ་ཆེ་བའི་རྒྱུད་རྒྱུ་སྐོར་གྱི་གྲངས་གཞི་གཞིར་བཟུང་བ་དང་། སྐྱེ་དངོས་རིག་པའི་ཐབས་ལམ་དུ་མ་དང་ཟུང་འབྲེལ་བྱས་ནས། མཚོ་བོད་མཐོ་སྒང་གི་སྒོ་ཕྱུགས་མང་པོའི་ཡུལ་དུས་འཕྲོད་པའི་འཕེལ་འགྱུར་རྒྱུད་འདེད་གསལ་འབྱེད་ཐུབ་ཡོད། 

ནམ་རྒྱུན། མི་རྣམས་ཀྱིས་མཐོ་སྒང་དུ་འཕྲོད་པའི་རྒྱུད་རྒྱུEPAS1དེ་རྒྱུད་རྒྱུ་བརྗེ་རེས་བརྒྱུད། བོད་ཡུལ་གྱི་སྤྱང་སྐྱ་ལྡང་ནས་འབྲོག་ཁྱིའི་རྒྱུད་རྒྱུར་ཁྱབ་པ་ཡུག་གཅིག་ཏུ་འདོད། ཞིབ་འཇུག་བྱ་གཞིའི་ཚོ་ཆུང་གི་མི་སྣས་མཚོ་བོད་མཐོ་སྒང་གི་སྤྱང་སྐྱ་ལྡང་དང་འབྲོག་ཁྱིའི་ཚོགས་སྤྱིའི་རྒྱུད་རྒྱུ་སྐོར་གྱི་གྲངས་གཞིར་ཞིབ་འཇུག་བྱས་པ་དང་། ཚོགས་སྤྱི་གང་མང་གི་རྒྱུད་འདེད་རིག་པའི་གྲངས་གཞི་དང་ཚོགས་སྤྱིའི་ལོ་རྒྱུས་ལད་ཟློས་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས་རྗེས། འབྲོག་ཁྱི་དང་བོད་ཡུལ་གྱི་སྤྱང་སྐྱ་ལྡང་གི་རྒྱུད་རྒྱུEPAS1ལྐོག་གྱུར་གྱི་སྲོགས་ཆགས་རིགས་གཞན་ཞིག་ལས་བྱུང་བ་གསར་རྟོགས་བྱུང་། 

ཞིབ་འཇུག་མི་སྣས་ད་དུང་ཧིན་རྡུའི་ཚན་རིག་པ་དང་མཉམ་འབྲེལ་གྱིས་ཧི་མ་ལ་ཡའི་སྤྱང་ཁུའི་རྒྱུད་རྒྱུ་སྐོར་རྙེད་ཀྱང་། ཧི་མ་ལ་ཡའི་སྤྱང་ཁུ་ནི་རྒྱུད་རྒྱུEPAS1མཁོ་འདོན་བྱེད་མཁན་མིན་པ་རྟོགས། རྒྱུ་མཚན་དེའི་དབང་གིས། ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་དུ་ད་ལྟའི་བར་མི་རྣམས་ཀྱིས་མ་ཤེས་པའམ་འཇིག་ཟིན་པའི་ཁྱིའི་རིགས་ཀྱི་སྲོག་ཆགས་ཞིག་གནས་པར་འདོད། འབྲོག་ཁྱི་དང་བོད་ཡུལ་གྱི་སྤྱང་སྐྱ་ལྡང་གི་མཐོ་སྒང་དུ་འཚོ་བར་གོམས་པའི་རྒྱུད་རྒྱུ་དེ་ནི་མ་ཤེས་པའི་སྲོག་ཆགས་དེ་ལས་ཐོབ་པ་རེད། སྲོག་ཆགས་དེ་ནི་དོན་ངོ་མ་ཅི་ལྟ་བ་ཞིག་ཡིན་པར་ཚན་རིག་པ་དག་གིས་མུ་མཐུད་ཏུ་ཞིབ་འཇུག་བྱེད་བཞིན་མཆིས། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།