ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས13ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཧན་གོའི་རྒྱལ་ཁབ་གཉིས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཚང་མར་ཚོད་འཛིན་ཐུབ་ཡོད། མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུང་གོ་དང་ཧན་གོས་ཐོག་མཐའ་བར་གསུམ་དུ་སོ་སྲུང་རོགས་རེས་དང་། སྐྱིད་སྡུག་མཉམ་མྱོང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་རྒྱལ་ཁབ་གཉིས་ཀྱིས་སྔོན་ལ་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས། ཕན་ཚུན་རིམས་ནད་གང་ཡང་མེད་པའི་ཟིན་ཐོ་བཏོད་ཡོད། ཕྱོགས་གཉིས་པོས་ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  གལ་ཆེའི་འཕྲལ་མཁོའི་མི་སྣ་འགྲོ་འོང་གི“མྱུར་བགྲོད་བགྲོད་ལམ”ཤར་གཏོང་བྱས་ནས་ས་ཁུལ་གྱི་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག   དངོས་ཟོག་སྐྱེལ་འདྲེན་སྦྲེལ་ཐག་བཅས་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། ཀྲུང་གོ་དང་ཧན་གོའི་རིམས་ནད་སྔོན་འགོག་མཉམ་ལས་ཐད་ལ་ཕན་འབྲས་ཆེན་པོ་ཐོན་ནས། རྒྱལ་ཁབ་གཉིས་པོའི་རང་སོ་སོའི་རིམས་ནད་འགོག་བཅོས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་མ་ཟད། “ཁྱིམ་མཚེས་བཟང་པོ་གསེར་གྱིས་མི་ཁུག་ཞེས་པའི”གནས་ལུགས་གསལ་བཤད་བྱས་ཡོད་ལ། འཛམ་གླིང་ཧྲིལ་པོའི་རིམས་ནད་སྔོན་འགོག་ལ་དགེ་མཚན་ལྡན་པའི་ཉམས་མྱོང་ཡང་བསགས་ཡོད་ལ་མཉམ་ལས་ཀྱི་དཔེ་མཚོན་ཡང་བཏོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་མཉམ་འགོག་མཉམ་བཅོས་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཀྲུང་གོ་དང་རི་པིན། ཧན་གོ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་ལམ་འཛུགས་པ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམས་ནད་འགོག་པའི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཧན་གོ་ནི་སུས་ཀྱང་སྒུལ་མི་ཐུབ་པའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་གཉིས་པོས་ཐུན་མོང་གིས་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བཅས་ཀྱི་ཐད་ཐུན་མོང་གི་ཁེ་ཕན་སྔར་ལས་མང་སྟེ། སོ་སོའི་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་ཀྱི་མདུན་ལྗོངས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ངས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་འབྲེལ་ལམ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ།  ཀྲུང་གོ་དང་ཧན་གོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝུན་ཙའེ་དབྱིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག   ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ངས་དེར་ཚད་མཐོའི་གདེང་འཇོག་བྱས་ནས། མི་འགྱང་བར་འཚོག་རྒྱུ་ཡིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཡོངས་སུ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རིམས་ནད་སྔོན་འགོག་གི་བསམ་ཕྱོགས་དང་བྱེད་ཐབས་འདྲ་མཚུངས་ཡིན་པ་དང་། རིམས་ནད་སྔོན་འགོག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ལོན་ཡོད། ལྷག་པར་དུ“མྱུར་བགྲོད་བགྲོད་ལམ”སྔོན་དུ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མཐུན་སྒྲིལ་མཉམ་ལས་ཀྱི་བརྡ་རྟགས་བརྒྱུད་སྤྲོད་ཐུབ་པ་མ་ཟད། འཛམ་གླིང་ལའང་མིག་དཔེ་བཏོད་ཡོད། ཧན་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།