ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་བསྟན།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5ཚེས8ཉིན་ནས་ཚེས10ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཅི་ལིན་དུ་དཔྱིད་འདེབས་དང་ཕག་པ་ཐོན་སྐྱེད་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་གྱིས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ཕག་པ་ཐོན་སྐྱེད་སླར་གསོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས། འབྲུ་རིགས་ཀྱི་བདེ་འཇགས་དང་ཞོར་ཟས་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཅི་ལིན་ཞིང་ཆེན་ནི་རང་རྒྱལ་གྱི་ཚོང་འབྲུ་དང་ཕག་པ་ཐོན་སྐྱེད་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་། ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་པའེ་ཁྲེང་གྲོང་ཁྱེར་ཀྲེན་ལའེ་རྫོང་དང་། ཐའོ་པའེ་ཆུས། སུང་ཡོན་གྲོང་ཁྱེར་ཉིང་ཅང་ཆུས་བཅས་སུ་ཕེབས་ཏེ་དཔྱིད་འདེབས་ཐོན་སྐྱེད་དང་། ཕག་པ་ཐོན་སྐྱེད། ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་གྱི་འཕེལ་རིམ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། བྱང་ཤར་གྱི་ས་ནག་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཞིང་པ་དང་། ཚན་རྩལ་ཞབས་ཞུ་བ། མཉམ་ལས་ཁང་། ཁེ་ལས་ཀྱི་འགན་ཁུར་བ་བཅས་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། “འགན་ལེན་དྲུག”གི་ལས་འགན་ཁྲོད་རྨང་གཞིའི་རང་བཞིན་དང་སྔོན་འགྲོའི་རང་བཞིན་གྱི་གནས་བབ་བཟུང་ཡོད་པས་ངེས་པར་དུ་འགན་ལེན་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས། བྱང་ཤར་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། དཔྱིད་འདེབས་ཐོན་སྐྱེད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མང་དུ་ལས་ཉུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས། དུས་འགོའི་གནམ་གཤིས་ཡག་པོ་མེད་པའི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ། ཞིང་ལས་དུས་ཚོད་དམ་འཛིན་གྱིས་དཔྱིད་འདེབས་ཀྱི་འཕེལ་རིམ་དང་སྤུས་ཚད་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་གནམ་གཤིས་ཀྱི་གནོད་འཚེ་དང་གནོད་འབུའི་གནོད་འཚེ་སྔོན་འགོག་བྱས་ཏེ་ཞིང་ལས་ཞབས་ཞུ་འགན་ལེན་བྱེད་དགོས། ཕག་པ་ཐོན་སྐྱེད་སླར་གསོར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རྒྱུན་རྣམ་ཅན་གྱི་ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཤུགས་ཆེར་བཏང་ནས་ཕག་ཤ་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཡག་པོ་བྱེད་པ་དང་ཆབས་ཅིག ཚགས་ཤ་དང་། ལུག་ཤ། འོ་མ་སོགས་སྒོ་ཕྱུགས་དང་བྱ་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱ་རྒྱུར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་དགོས། སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་སྐོང་འཐེན་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་བྱེད་སྟངས་གསར་གཏོད་བཅས་བྱས་ནས་ས་བཅུད་མཐོར་གཏོང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།