ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཏེ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས11ཉིན།    རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱ་ཆེའི་ནད་གཡོག་པ་ཚོས་བདེན་དོན་ཐད་ལ་ཕྱིར་བཤོལ་མི་བྱེད་པར་ལྡོག་ཕྱོགས་སུ་དམག་སྐྱོད་བྱས་པ་དང་། གོས་དཀར་པོའི་ཁྲབ་གྱོན་པ་དང་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་བྱས་ཏེ། དཔའ་ངར་ཞུམ་མེད་ཀྱིས་རྒྱལ་ནང་དང་ཕྱི་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་འཐབ་ས་དང་པོར་བསྐྱོད་དེ། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལོན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་འགན་ལེན་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚེ་སྲོག་ལ་བསྙེན་བཀུར་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུད་ཕོད་པ། ཟད་པ་མེད་པའི་བརྩེ་སེམས་ཆེན་པོ་བཅངས་པ་བཅས་བྱས་ནས་བླ་ན་མེད་པའི་སྙིང་སྟོབས་ལག་ལེན་དུ་བསྟར་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནད་གཡོག་གི་བྱ་བ་ནི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ནད་གཡོག་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ནད་གཡོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་པ། ཕུལ་བྱུང་ནད་གཡོག་པར་ཡུན་རིང་ནད་སྐྱོང་ལས་དོན་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ནད་གཡོག་པར་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེའི་ནད་གཡོག་པས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཡང་འབད་བསྐྱར་འབད་བྱེད་པ། ལྷག་བསམ་ཟོལ་མེད་ཀྱིས་བྱས་རྗེས་འཇོག་པ་བཅས་བྱས་ནས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱིའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་རྒྱུན་ཆད་མེད་པར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།