རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས8ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གྲོས་གཞི་ནི་དམངས་ཡོངས་ཀྱི་ལུས་སྦྱོང་ར་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དམངས་ཡོངས་ཀྱི་ལུས་སྦྱོང་ར་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་སྲུང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་མཐུན་པར་བྱེད་པའི་མཐོ་ཚད་ནས། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གནས་བབ་དང་བསྟུན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ར་བའི་སྒྲིག་ཆས་འཛུགས་སྐྲུན་གྱི་མཁོ་འདོན་འགལ་བ་གཙང་སེལ་བྱེད་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་དངོས་འབེབས་བཟང་བོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བའི་ལུས་སྦྱོང་དགོས་མཁོ་ཡོངས་སུ་སྐོང་དགོས་ཟེར།

ཨུ་ཡོན་བཅུ་ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཧེ་ལུང་ཅང་དང་ཀོང་ཏུང་། ཉིན་ཞ་བཅས་ཚོགས་ར་བཞི་དང་དེ་མིན་ཁ་པར་བརྒྱུད་དེ་གཏམ་བཤད་པ་དང་། ཨུ་ཡོན་བརྒྱ་དང་ཉི་ཤུ་ཡིས་ཡུས་ཏུང་འགན་འཁྲི་ལག་བསྟར་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། ལུས་རྩལ་སྤྱི་ཁྱབ་ཅུའུ་སོགས་ལས་ཁུངས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་བརྗེ་རེས་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།