ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བསྡུ་བའི་དུས་ཚོད་གཏན་འཁེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (1).jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5པའི་ཚེས22ཉིན་འཚོགས་རྒྱུར་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5པའི་ཚེས21ཉིན་འཚོགས་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་བསྒྲིལ། གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བྱས་པའི་སྲ་གཟུགས་དངོས་རྫས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་བ་སྔོན་འགོག་བཅོས་སྐྱོང་བྱེད་པའི་ཐབས་ལམ་ལ་གྲོས་འཆམ་བྱུང་བ་དང་། ཧྥུ་ཀྲེང་ཧྭ་ཡི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གི་གོ་གནས་བླངས་ཏེ་ཐང་དབྱི་ཅུན་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་དུ་འཇོག་པ་དང་། ལི་ཀན་ཅེ་ཡི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གི་གོ་གནས་བླངས་ཏེ་ཧོང་རུན་ཆིའུ་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་དུ་འཇོག་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་རྒྱ་ཨང43དང44པར་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་དུས་ཚོད་སྐོར་གྱི་ཐག་གཅོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཐག་གཅོད་བྱས་པ་ལྟར་ན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ2020ལོའི་ཟླ5པའི་ཚེས22ཉིན་པེ་ཅིན་དུ་བསྡུ་རྒྱུ་རེད།

ཡང་གློག་འཕྲིན་འབྱོར་གསལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་ལྔ་པ་ཉེ་སྔོན་པེ་ཅིན་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་སྐོར་གྱི་ཐག་གཅོད(འཆར་ཟིན)དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ(འཆར་ཟིན)། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན། གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5པའི་ཚེས21ཉིན་པེ་ཅིན་དུ་འཚོགས་རྒྱུའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།