ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་བཅུ་གཅིག་གིས་མཉམ་འབྲེལ་སྒོས་ཆེད་དོན་བྱ་འགུལ་སྤེལ་ནས་སྤྲང་འཁྱམ་རིགས་ལ་རོགས་སྐྱོབ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་སོགས་སྡེ་ཁག11གིས་ཚེས7ཉིན་མཉམ་འབྲེལ་སྒོས་རྒྱལ་ཡོངས་སུ་འཚོ་རྟེན་མེད་པའི་སྤྲང་འཁྱམ་རིགས་ལ་རོགས་སྐྱོབ་དང་དོ་དམ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་ཆེད་དོན་བྱ་འགུལ་སྤེལ་ནས་སྤྲང་འཁྱམ་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁོང་ཚོའི་མི་ལུས་བདེ་འཇགས་དང་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས་པར་བཀོད་སྒྲིག་བྱས།

བཀོད་སྒྲིག་ལས་བསྟན་དོན། ས་གནས་ཁག་གིས་ལྟ་སྐྱོང་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། ས་ཚིགས་ནང་ཁུལ་གྱི་ལྟ་རྟོག་འགན་འཁྲི་ཆེ་རུ་གཏོང་བ། མངག་བཅོལ་ཞབས་ཞུ་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཕྱོགས་གསུམ་པའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཆེད་མངགས་གདན་ཞུའི་ལྟ་སྐུལ་པའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་རོགས་སྐྱོབ་དོ་དམ་སྒྲིག་གཞི་དང་མངགས་བཅོལ་སྒྲིག་གཞིའི་འཁོར་སྐྱོད་དོ་དམ་དང་མི་སྣའི་ལྟ་རྟོག་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས་ཞེས་བསྟན།

ས་གནས་ཁག་གིས“བརྩེ་སེམས་ཆེན་པོས་གཉེན་མི་འཚོལ་བ་དང་དྲོད་སྐྱིད་སྦྱིན་ནས་ཁྱིམ་དུ་ལོག་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ་གཅིག་བསྡུས་སྒོས་རོགས་སྐྱོབ་གཉེན་འཚོལ་གྱི་ཆེད་དོན་བྱ་འགུལ་སྤེལ་ནས་ཞབས་ཞུའི་བྱེད་ཐབས་རྒྱ་ཆེར་གཏོང་བ་དང་། སྡེ་ཁག་གི་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱིས་སྟོབས་ཤུགས་འདོན་པ་བཅས་བརྒྱུད་ནས་གཉེན་འཚོལ་ཞབས་ཞུའི་ཆུ་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་། སྤྲང་འཁྱམ་མི་སྣ་རྣམས་གང་མགྱོགས་སྒོས་ཁྱིམ་དུ་ལོག་རྒྱུར་རོགས་རམ་བྱེད་དགོས། ཁྱིམ་དུ་ལོག་ཟིན་པའི་རིགས་ལ་མི་སྣ་སྒྲིག་འཛུགས་སམ་ཡང་ན་ས་གནས་དེ་གའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་བྱས་ནས་ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱ་རུ་འཇུག་རྒྱུ་དང་། ཐོན་སྐྱེད་དང་འཚོ་བར་དཀའ་ཁག་ཡོད་རིགས་ལ་འབྲེལ་ཡོད་སྲིད་ཇུས་ལྟར་རོགས་སྐྱོར་བྱས་ཏེ་སླར་ཡང་དཀའ་ངལ་གྱི་གནས་སུ་མི་ལྷུང་པ་བྱེད་དགོས།

 ས་གནས་ཁག་གིས་ཡུན་རིང་བོར་སྤྲང་འཁྱམ་བྱས་ནས་བསྡད་པའི་མི་སྣར་གཅིག་བསྡུས་སྒོས་བཀོད་སྒྲིག་བྱེད་པའི་བྱ་འགུལ་སྤེལ་རྒྱུ་དང་ཆ་རྐྱེན་འཛོམས་པའི་ཡུལ་གྱར་སློང་མོ་བར་གཞི་ཁྱིམ་བཀོད་སྒྲིག་གི་འགྲོ་ལུགས་བསྒྲུབ་རྒྱུ་མ་ཟད། སྤྱི་ཚོགས་འགན་སྲུང་མ་ལག་ནང་བཅུག་སྟེ་འཚོ་གནས་ཀྱི་དཀའ་ངལ་ལས་སྒྲོལ་ཐུབ་པ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།