ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱང་སྐྱོད་ལྔ་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ཐོག་དང་པོར་འཕུར་སྐྱོད་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱང་སྐྱོད་ལྔ་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ཐོག་དང་པོར་འཕུར་སྐྱོད་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། མི་སྡོད་མཁའ་སྐྱོད་བཟོ་སྐྲུན་བར་སྟོང་ས་ཚིགས་ཀྱི་དུས་སྐབས་འཕུར་སྐྱོད་ལས་འགན་སྤྱིའི་བཀོད་འདོམས་པུའུ་དང་རྒྱང་སྐྱོད་ལྔ་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ཐོག་དང་པོར་འཕུར་སྐྱོད་བྱེད་པའི་ལས་འགན་ཁྲོད་ཞུགས་པའི་ཞིབ་འཇུག་ཚོད་ལྟ་ལས་ཁུངས་དང་བློ་མཐུན་ཡོངས་ཀྱིས་རྒྱང་སྐྱོད་ལྔ་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ཐོག་དང་པོར་འཕུར་སྐྱོད་བྱེད་པའི་བྱ་བ་བསྒྲུབས་པའི་ཚུན་ལ། མཐུན་སྒྲིལ་འབད་འཐབ་དང་དཀའ་སྡུག་མཉམ་སེལ་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སོགས་དཀའ་ཁག་སྣ་ཚོགས་ཁྱད་གསོད་བྱས་ཏེ། ཐོག་དང་པོའི་འཕུར་སྐྱོད་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་པས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་བརྩེ་བའི་འཚམས་འདྲི་ཞུ་བ་ཡིན། རྒྱང་སྐྱོད་ལྔ་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མཁའ་ཁ་པ་ཐོག་དང་པོར་འཕུར་སྐྱོད་ལས་འགན་ཡོངས་འགྲུབ་བྱས་པ་དེ་ལས་བར་སྟོང་ས་ཚིགས་ཀྱི་དུས་སྐབས་འཕུར་སྐྱོད་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ནས་རྒྱལ་ཁ་བླངས་པ་མཚོན་ཞིང་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་གོ་རིམ་གསུམ་པའི་འཕེལ་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་། བཟོ་སྐྲུན་གྱི་བརྒྱུད་རིམ་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྐྲུན་གྱི་བགྲོད་ལམ་གསར་བར་བསྐྱོད་པ་དང་། ཧུར་ཐག་སྒོས་མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་བ་བླངས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པར་སྐུལ་མ་གཏོང་སྲིད་ལ། ཧུར་ཐག་སྒོས་ཀྲུང་གོའི་ཕུགས་འདུན་དང་སྟོབས་ལྡན་དམག་དཔུང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ལ་རྣམ་པ་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་དགོས། ཁྱོད་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས། མེས་རྒྱལ་དང་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།