ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅེ་ཁིའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་ཅེ་ཁིའི་ཙུང་ཐུང་ཙེ་མན་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ང་ཚོས་མུ་མཐུད་དུ་རིམས་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཞོར་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་ལས་སླར་གསོ་བྱེད་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་བཅོས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ། སྐུ་ཉིད་ཀྱིས་ཅེ་ཁིའི་སྤྱི་ཚོགས་ལས་རིགས་སོ་སོས་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཆེད་བཏང་གནམ་གྲུ་མངག་ནས་ཀྲུང་གོར་རིམས་འགོག་དངོས་རྫས་སྐྱེལ་འདྲེན་བྱས། དེ་ལས་ཀྲུང་གོའི་མི་དམངས་ལ་བཟུང་བའི་ལྷག་བསམ་རྣམ་དག་གི་མཛའ་བཤེས་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཅེ་ཁིའི་རིམས་ནད་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཐབས་ལམ་ལ་བརྟེན་ནས་ཅེ་ཁིའི་བར་རིམས་འགོག་བརྡ་འཕྲིན་དང་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་ཡིན་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་ནི་དཀའ་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཚོགས་པ་ཡིན་པ་དང་། རིམས་ནད་ཀྱི་མདུན་ནས་ལྷག་ཏུ་དེ་འདྲ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཅེ་ཁི་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཕན་ནུས་ལྡན་པའི་མཉམ་འགོག་མཉམ་འཛིན་བྱ་བ་ཧུར་ཐག་སྒོས་སྤེལ་ཏེ། རིམས་ནད་མཆེད་པར་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པ་དང་། ཞོར་དུ་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་ལ། མཉམ་དུ་རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་ཐད་བཟོས་པའི་འགྲན་རྩོད་ཐག་གཅོད་བྱས་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་གང་ལེགས་བྱེད་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱས་ན། མིའི་རིགས་ཆེས་མཇུག་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཅེ་ཁིའི་འབྲེལ་བའི་འཕེལ་རྒྱས་བཟང་བོ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཅེ་ཁིའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཅེ་ཁི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཅེ་ཁིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རིམས་ནད་མཇུག་སྒྲིལ་རྗེས་སྐུ་ཉིད་དང་མཇལ་འཛོམས་བྱུང་སྟེ་མཉམ་དུ་ཀྲུང་གོ་དང་ཅེ་ཁི་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་འབྲེལ་བའི་མ་འོངས་པ་གསར་བསྐྲུན་བྱེད་པའི་རེ་བ་ཡོད་ཅེས་གསུངས། 

ཙེ་མན་གྱིས་བསྟན་དོན། ཀྲུང་གོས་བདེ་བླག་ངང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་བྱས་པ་དང་། དཔལ་འབྱོར་ཐད་ནས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་མོ་མངོན་པར་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཅེ་ཁི་ཡི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཅེ་ཁི་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་ཕྱོགས་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་བཟང་། ང་ནི་ཀྲུང་གོའི་གྲོགས་པོ་རྣལ་མ་ཡིན་ཞིང་། ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བར་ཆད་སེལ་བར་འགན་སྲུང་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། བདག་གིས་མི་འགྱངས་པར་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།