རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་པེ་ཅིན་ནས་གྲོལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་།  ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་སྲ་གཟུགས་བེད་མེད་བཙོག་བཟོ་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། ཧྥུའུ་ཀྲིན་ཧྭ་ཡི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གི་གོ་གནས་བླངས་ཤིང་ཐང་དབྱི་ཅུན་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱས་པ་དང་།  ལིས་ཀན་ཅེ་ཡི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གི་གོ་གནས་བླངས་ཤིང་ཧོང་རོང་ཆིག་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་བཅོལ་བའི་ཀྲུང་གོ་ཧེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་གནས་སྐབས་ལེགས་སྒྲིག་བཀོལ་སྤྱོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་ལྟར་ན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་འཚོགས་རྒྱུ་རེད།

ཚོགས་ཐོག་ནས་ད་དུང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་འབྲེལ་ཡོད་དོན་དག་ཡོངས་འགྲུབ་བྱས་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།  ཁོང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱི་དུས་ཚོད་གཏན་འཁེལ་བྱས་པ་ནི་ཕྱོགས་བསྡུས་སྒོས་ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་བསམ་གཞིགས་བཏང་བ་ཡིན་པས། བསམ་བློ་གཅིག་གྱུར་དང་དམངས་གཙོ་དར་སྤེལ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་ནུས་ཤུགས་གང་ཡོད་བཏོན་ནས་རྩ་འཛུགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཚོགས་ཆེན་བདེ་བླག་ངང་འཚོགས་རྒྱུ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།