ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཁུངས11གིས་བྱེད་ཐབས་ཆེན་པོ་ལྔ་བཏོན་ནས་བརྟན་བརླིང་ངང་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས29ཉིན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བརྟན་བརླིང་ངང་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས11གིས་ཉེ་ཆར་བརྡ་ཡིག་བཀྲམ་ནས། རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་བཙོག་འབུད་ཚད་གཞི་ལག་བསྟར་བྱེད་པའི་འབྲེལ་ཡོད་བླང་བྱ་ལེགས་སྒྲིག་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་འབྲེལ་ཡོད་ནོར་སྲིད་དཔྱ་ཁྲལ་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་རྙིང་པ་མགྱོགས་མྱུར་ངང་བེད་མེད་ཟུར་འཇོག་དང་།  རླངས་འཁོར་རྙིང་པ་ཉོ་ཚོང་འཁོར་རྒྱུག་ཐུབ་པ། རླངས་འཁོར་འཛད་སྤྱོད་དངུལ་རྩ་བེད་སྤྱོད་ཡག་པོ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་བཏོན་ཡོད་པ་རེད།

  《རླངས་འཁོར་འཛད་སྤྱོད་བརྟན་བརླིང་ངང་རྒྱ་ཆེར་གཏོང་བའི་བྱེད་ཐབས་སྐོར་གྱི་བརྡ་ཡིག》གཞིར་བཟུང་། རླངས་འཁོར་ཆུང་བ(སྤུས་ཚད་བསྡོམས་པའི་ཏུན3.5ལས་མི་བརྒལ་བ)རྒྱལ་ཁབ་ཀྱི་དུས་རིམ་དྲུག་པའི་བཙོག་འབུད་ཚད་གཞིའི་རིལ་དངོས་གྲངས་འབོར་གྱི་ཚད་བཀག་ཐོན་སྐྱེད་ཀྱི་བར་བརྒལ་དུས་ཚོད་དེ2020ལོའི་ཟླ7པའི་ཚེས1ཉིན་གྱི་སྔོན་ནས2021ལོའི་ཟླ1པའི་ཚེས1ཉིན་གྱི་སྔོན་ལ་ལེགས་སྒྲིག་བྱས་པ་དང་། 2020ལོའི་ཟླ7པའི་ཚེས1ཉིན་གྱི་སྔོན་ལ་ཐོན་སྐྱེད་དང་ནང་འདྲེན་བྱས་པའི་རྒྱལ་ཁབ་ཀྱི་དུས་རིམ་ལྔའི་བཙོག་འབུད་ཚད་གཞིའི་རླངས་འཁོར་ཆུང་བ་དེ2021ལོའི་ཟླ1པའི་ཚེས1ཉིན་སྔོན་ལ་དུས་རིམ་དྲུག་པའི་བཙོག་འབུད་ཚད་གཞི་ལག་བསྟར་བྱས་མེད་པའི་ས་ཁུལ་དུ་ཕྱིར་ཚོང་དང་ཐོ་འགོད་བྱེད་ཆོག་པ་རེད། ཆོག་མཆན་མ་ཐོབ་པར། ས་གནས་སོ་སོས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རླངས་འཁོར་གྱི་བཙོག་འབུད་ཚད་གཞི་སྔོན་ལ་ལག་བསྟར་བྱས་མི་ཆོག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།