ཚོང་དོན་པུས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རིམས་འགོག་དངོས་ཟོག་གི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས26ཉིན། ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་སིའི་སི་ཀྲང་ལི་ཤིང་ཆན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཐོན་སྐྱེད་དང་། ཚོང་དོན། བདེན་དཔང་ར་སྤྲོད། ཕྱིར་གཏོང་སོགས་ལྷུ་ཚིགས་ནས་རིམས་འགོག་དངོས་ཟོག་གི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་དང་གཞོགས་འདེགས་བྱས་པ་བརྒྱུད་རྫུན་ལྷད་ཞན་གསུམ་དང་སྒྲིག་འགལ་ངང་ཕྱིར་གཏོང་སོགས་ཁྲོམ་ར་དང་ཕྱིར་གཏོང་གི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། སྤྱིའི་ཆ་ནས་བལྟས་ཚེ་རང་རྒྱལ་གྱི་ཕྱིར་གཏོང་ཁ་རས་ཀྱི་རིན་གོང་ཁྲོམ་རའི་རྩ་དོན་དང་འཚམ་ཡོད་ཅེས་བཤད་པ་རེད།

ཚོང་དོན་པུའི་བསྡོམས་རྩིས་ལ་གཞིགས་ན། ཟླ་4ཚེས་25ཉིན་བར་རྒྱལ་ཁབ་དང་ས་ཁུལ་74དང་རྒྱལ་སྤྱིའི་རྩ་འཛུགས་6གིས་རང་རྒྱལ་དང་སྨན་བཅོས་དངོས་ཟོག་ཚོང་ལས་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་མ་ཟད། ད་དུང་ཁག་གཅིག་གིས་ཚོང་ལས་ཉོ་སྒྲུབ་སྐོར་ངོ་འཕྲད་གྲོས་མོལ་བྱེད་བཞིན་ཡོད་པ་རེད།

འགག་སྒོའི་གྲངས་གཞི་ལས་མངོན་གསལ། ཟླ་3ཚེས་1ནས་ཟླ་4ཚེས་25ཉིན་བར་རྒྱལ་ཡོངས་ཀྱིས་རིན་ཐང་སྒོར་དུང་ཕྱུར་550རི་བའི་རིམས་འགོག་དངོས་ཟོག་ཕྱིར་གཏོང་བྱས་ནས་རིམས་འགོག་དངོས་ཟོག་གཙོ་བོ་ཕྱིར་གཏོང་བྱེད་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།

“རང་རྒྱལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད”ཅེས་ལི་ཤིང་ཆན་གྱིས་བཤད། ཁོང་གིས་ཉེ་དུས་ཚོང་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རིམས་འགོག་དངོས་ཟོག་ཁྲོམ་ར་དང་ཕྱིར་གཏོང་གི་སྤུས་ཚད་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ཡོད། བྱེད་ཐབས་དེ་དག་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ནང་གི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་འདོམས་སྲིད་ཇུས་མུ་མཐུད་ལག་བསྟར་ནན་པོ་བྱས་ཏེ་རིམས་འགོག་དངོས་ཟོག་ཕྱིར་གཏོང་གི་སྤུས་ཚད་འགན་ལེན་བྱ་རྒྱུ་རེད་ཅེས་བཤད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།