ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས26ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་བསྡུས་ཤིང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི། སྲ་གཟུགས་སྙིགས་རོས་ཁོར་ཡུག་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་མ་ཡིག་གསུམ་པར་སྨན་བཅོས་སྙིགས་རོ་དང་ལྷག་པར་དུ་འགོས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་སྨན་བཅོས་སྙིགས་རོ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་ལ་སྔར་ལས་གཅིག་གྱུར་བཀོད་སྒྲིག་བྱེད་པ།  ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་འབྲེལ་ཡོད་གཏན་འབེབས་མང་དུ་བྱས། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་མ་ཟིན་ཅུང་གནད་འཁེལ་འཐུས་ཚང་བྱུང་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བཞེད་དོན། བཟོ་བཅོས་འཆར་ཟིན་ཅུང་ཆ་ཚང་ཡིན་པ་དང་། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་གྲོས་འཆམ་འབྱུང་རྒྱུའི་གྲོས་འགོ་བཏོན་ཡོད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིའུ་ཅིས་ཞིན་གྱིས་ཕུལ་བའི། གཞུང་ཞབས་མི་སྣའི་སྲིད་དོན་ཐག་གཅོད་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་ཕུལ་བའི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།

རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིའུ་ཀྲེན་ཝུའེ་ཡིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩོམ་གྱི་བདག་དབང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཡོན་ཧྲུའུ་ཧུང་གིས་གསལ་བཤད་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མི་དམངས་དྲག་ཆས་ཉེན་རྟོག་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་རུ་ཁག་གི་དམག་སྤྱི་ཆེན་མོ་ཝང་ཉིང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི(ཧའེ་ནན)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དུ། གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ལེགས་སྒྲིག་དང་ལག་བསྟར་བྱེད་དབང་བསྐུར་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞི་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཡོན་ཧྲུའུ་ཧུང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཡོན་ཧྲུའུ་ཧུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ཅི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཆད་བཅད་པའི་མིར་དོ་དམ་བྱ་རྒྱུའི་སྐོར་གྱི་ཆིངས་ཡིག》ཅེས་པར་ཞིབ་བཤེར་ཆོག་མཆན་ཞུ་རྒྱུའི་སྐོར་གྱི་གྲོས་གཞིར་གསལ་བཤད་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་དུས་ཚོད་གཏན་འབེབས་འཆར་ཟིན་གྲོས་གཞི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྒྱུའི་སྐོར་ནས་གྲོས་ཞིབ་བྱས།

ཚོགས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་རུན་ཆིའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི། ཉིས་སྟོང་བཅུ་དགུ་ལོའི་ལོ་ཧྲིལ་བོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་། ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་ཞིབ་འཇུག་ཐག་གཅོད་དང་། དེ་བཞིན་གྲོས་ཞིབ་བསམ་འཆར་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི། ཞིང་སྡེ་ཐུན་མོང་ཐོན་དབང་ལམ་ལུགས་སྒྱུར་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲོན་ཡའོ་ཡིས་ཕུལ་བའི། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་དང་ལས་ཀའི་འཆར་གཞིའི་སྐོར་གྱི་སྙན་ཞུར་ཉན།

ཚོགས་ཐོག་ནས་ད་དུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེའང་གིས་ཕུལ་བའི། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན་པ་དང་། མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཞིབ་མཆན་འགོད་རྒྱུར་འབུལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་ཆོག་མཆན་དང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།