ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྨན་བཅོས་ཀྱི་ཡོ་བྱད་ལ་ཕྱོགས་ཡོངས་ནས་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས26ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྡེ་ཁག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་སྨན་བཅོས་ཡོ་བྱད་ལ་ཕྱོགས་ཡོངས་ནས་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་རེད།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སྨན་བཅོས་ཡོ་བྱད་ལྟ་སྐུལ་དོ་དམ་སི་ཡི་སི་ཀྲང་གཞོན་པ་ཝང་ཧྲུའུ་ཚའེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། སྨན་བཅོས་ཡོ་བྱད་ཕྱིར་གཏོང་གི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་ཆེད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཕྱིར་གཏོང་སྨན་བཅོས་ཡོ་བྱད་ཁེ་ལས་ཀྱི་གསལ་ཐོ་བཟོ་རྒྱུ་དང་། འགུལ་རྣམ་ལེགས་སྒྲིག་བྱ་རྒྱུ། ཕྱིར་གཏོང་ཁེ་ལས་ལ་ཕྱིར་གཏོང་ཐོན་རྫས་ཀྱི་ཡིག་ཚགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ། ཐོན་རྫས་ཕྱིར་གཏོང་བརྒྱུད་རིམ་ཁུངས་འདེད་ཐུབ་པའི་འགན་ལེན་ཏན་ཏིག་བྱ་རྒྱུ། དུས་ཐོག་ཏུ་ཕྱིར་གཏོང་ཁེ་ལས་ཀྱི་ཞིབ་ཐོའི་རིགས་ཁེ་ལས་གནས་སའི་སྲིད་གཞུང་ལ་གསལ་བརྡ་གཏོང་རྒྱུ། ས་གནས་སྲིད་གཞུང་གིས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་ནན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད། དེ་དང་ཆབས་ཅིག་ཕྱིར་གཏོང་ཕྱིར་ཚོང་གི་བདེན་དཔང་ཡི་གེ་སྔར་ལས་ཚད་ལྡན་དུ་བཏང་ནས་རང་རྒྱལ་དུ་སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་དཔང་ཡིག་དང་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རག་མེད་པའི་རིགས་ལ་ཕྱིར་གཏོང་ཕྱིར་ཚོང་གི་ཆོག་འཐུས་ཡི་གེ་སྤྲོད་མི་ཆོག་པར་བསྟན།

 རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་སྨན་བཅོས་ཡོ་བྱད་ཀྱི་འཕྲལ་སྡོམ་ཞིབ་མཆན་ཐད་ཝང་ཧྲུའུ་ཚའེ་ཡིས་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་ཡོ་བྱད་ཀྱི་འཕྲལ་སྡོམ་ཞིབ་མཆན་འགོད་རྒྱུ་དང་། མིག་སྔའི་བར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་པྲོག་གསར་གློ་ཚད་ཀྱི་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཚོད་ལྟའི་སྨན་རྫས30ལ་ཆོག་མཆན་སྤྲད་པ་མ་ཟད། མིག་སྔར་ཉིན་རེར་ཐོན་ནུས་ཁྲི902.5ཟིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།