ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བྱ་ཐབས་སྣ་མང་སྤྱད་དེ་རིམས་ནད་དང་འབྲེལ་བ་ཡོད་པའི་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཆད་པ་ནན་མོ་བཅད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རིམས་ནད་ཀྱི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་བྱ་ཐབས་སྣ་མང་སྤྱད་དེ་ཤེས་བྱའི་བདག་དབང་ལ་བཙན་གནོད་བཏང་བའི་ཉེས་གསོག་སྣ་ཚོགས་ལ་ཆད་པ་ནན་མོ་བཅད་ཅིང་། ས་གནས་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཤེས་བྱའི་བདག་དབང་དང་ཁེ་དབང་འཛིན་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཐིན་བཞི་པའི་ཐིན་ཀྲང་ཀྲེང་ཤིན་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་གཅོད་བྱས་ཚུལ་ལ་བལྟས་ན། “གནད་དོན་ཁ་རས”དང་འབྲེལ་བ་ཡོད་པའི་གྱོད་གཞི85%ལས་བརྒལ་བ་དང་། གྱོད་གཞི་གཞན་དག་ནང་ཆང་བཅུད་དང་དུག་སེལ་གཤེར་ཁུ་སོགས་འགོག་སྲུང་དངོས་རྫས་ཀྱི་གྱོད་གཞི་ཚུད་ལ། ཉེས་མིང་དེ་གཙོ་བོ་སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ནག་ཉེས་དང་། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་ནག་ཉེས། ཐོ་འགོད་ཚོང་རྟགས་རྫུན་བཟོ་བྱས་པའི་ནག་ཉེས། ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་ཚོང་བྱས་པའི་ནག་ཉེས། ཁྲིམས་འགལ་གཉེར་སྐྱོང་གི་ནག་ཉེས་བཅས་ཚུད་ཡོད་པ་རེད།

 གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན“མཐོ་གཉིས་པུའུ་གཉིས”ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་བཏོན་ནས་རྫུན་བཟོ་རྫུན་འཚོང་སོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་གཙོ་གནད་དུ་བརྩིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། མིའི་བདེ་ཐང་ལ་འགན་སྲུང་བྱེད་ཐུབ་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཅས་དང་མི་མཐུན་པའི་སྨན་བཅོས་ཁ་རས་དང་། མིག་སྲུང་ཤེལ་མིག འགོག་སྲུང་གྱོན་ཆས་སོགས་ཐོན་སྐྱེད་བྱེད་པའམ་ཡང་ན་ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཡིན་པ་ཤེས་བཞིན་དུ་ཕྱིར་ཚོང་བྱས་ཏེ་མིའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་ངེས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་པའི་གཏན་འབེབས་ལྟར། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས་ལྟར་ནག་ཉེས་གཏན་འཁེལ་གྱི་ཉེས་ཆད་གཅོད་རྒྱུ་རེད།

 ཟླ2པའི་ཟླ་དཀྱིལ་ནས་བཟུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཁག་ལ་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཁག་བཅུ་ལྷག་ཁྲིམས་ལྟར་ཞིབ་གཅོད་བྱས་པ་ཁྱབ་བསྒྲགས་བྱས།  དེའི་ཁྲོད་ཁག་བཞི་པའི་ནང་ཆེད་དུ་ཁ་རས་རྫུན་མ་དང་དུག་སེལ་གཤེར་ཁུ་རྫུན་མ་དང་འབྲེལ་བའི་གྱོད་གཞི་ལ་ཁྲིམས་འགྲེལ་བྱས་ཤིང་། དེས་ས་གནས་ཁག་གི་ཞིབ་དཔྱོད་ལས་ཁུངས་ལ་ཡང་དག་སྒོས་གྱོད་གཞི་ཞིབ་དཔྱོད་བྱེད་པར་མཛུབ་ཁྲིད་ཀྱིས་ནུས་པ་ཐོན་པ་མ་ཟད། མི་མངོན་པའི་ཉེས་གསོག་ལ་ཟིལ་གནོན་ཀྱི་ནུས་པ་དང་། རྡུང་རྡེག་དང་སྔོན་འགོག་བྱེད་པར་ཕན་ནུས་གལ་ཆེན་ཐོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།