ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཏུང་ཧྥང་ཧོང་ཨང་དང་པོའི་ལས་འགན་ནང་ཞུགས་པའི་ཚན་རིག་པ་རྒན་པར་འཕྲིན་ལན་བསྐུར་ནས་དཀའ་སྡུག་ཡོད་ཚད་ལས་རྣམ་པར་རྒྱལ་ནས་མཁའ་འགྲུལ་ཚན་རྩལ་གྱི་ཡང་རྩེར་བསྙེག་པའི་བློ་སྤོབས་ལྡན་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་མཁའ་འགྲུལ་ཉིན་མོ་ཐེངས་ལྔ་བ་དང་ཏུང་ཧྥང་ཧོང་ཨང་དང་པོའི་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་ཏེ་ལོ་ངོ་ལྔ་བཅུ་འགོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཏུང་ཧྥང་ཧོང་ཨང་དང་པོའི་ལས་འགན་ནང་ཞུགས་པའི་ཚན་རིག་པ་རྒན་པར་འཕྲིན་ལན་བསྐུར་ཏེ། ཁོང་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། འཕུར་མདའ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་མཁའ་འགྲུལ་རྒྱལ་དར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ཐད་ནས་རྒྱ་ཆེའི་མཁའ་འགྲུལ་བྱ་བ་བྱེད་མཁན་རྣམས་ལ་བླང་བྱ་ནན་མོ་བཏོན། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་དོན། ཏུང་ཧྥང་ཧོང་ཨང་དང་པོའི་ལས་འགན་ནང་ཞུགས་མཁན་ཡིན་པའི་ཆ་ནས་ཁྱོད་ཚོའི་ལང་ཚོ་མེས་རྒྱལ་གྱི་མཁའ་འགྲུལ་ལས་དོན་ཐད་ཕུལ་བ་དང་། ལོ་ན་བགྲེས་པའི་སྐབས་སུའང་སྔར་བཞིན་མེས་རྒྱལ་གྱི་མཁའ་འགྲུལ་ལས་དོན་གྱི་མ་འོངས་པར་སེམས་ཁུར་བྱེད་བཞིན་ཡོད་པས། དོན་དེར་ང་རང་ཡིད་འགུལ་ཆེན་པོ་ཐེབས་ཡོད་ཅེས་གསུངས་། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་ལྔ་བཅུའི་ཡར་སྔོན་དུ། ཏུང་ཧྥང་ཧོང་ཨང་དང་པོའི་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས། ང་ཡིས་ཧྲན་པེ་ལིང་ཅཱ་ཧི་ནས་གནས་ཚུལ་དེ་ཐོས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས། ལོ་དེར་ཁྱོད་ཚོས་དཀའ་སྤྱད་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ང་རྒྱལ་དུ་རློམ་ཆོག་པའི་གྲུབ་འབྲས་བླ་མེད་གསར་བསྐྲུན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་ལ་འཛད་པ་མེད་པའི་རླབས་ཆེན་སྙིང་སྟོབས་མངོན་པར་བྱས། མཁའ་འགྲུལ་བྱ་བ་བྱེད་མཁན་རྒན་རབས་དག་གི་བྱས་རྗེས་དེ་ཀྲུང་གོ་གསར་བའི་ལོ་རྒྱུས་དེབ་ཐེར་དུ་གསལ་བོར་འཁོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆ་རྐྱེན་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་སྡུག་རུས་ཀྱི་སེམས་ཤུགས་འདོར་མི་རུང་། དུས་རབས་གསར་བའི་མཁའ་འགྲུལ་བྱ་བ་བྱེད་མཁན་དག་གིས་རྒན་རབས་པ་མིག་དཔེ་རུ་བཟུང་ཞིང་། ཤུགས་ཆེན་པོས་འཕུར་མདའ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། དཀའ་སྡུག་ཡོད་ཚད་ལས་རྣམ་པར་རྒྱལ་ནས་མཁའ་འགྲུལ་ཚན་རྩལ་གྱི་ཡང་རྩེར་བསྙེག་པའི་བློ་སྤོབས་ཀྱིས་ཀྲུང་གོ་བས་བར་སྣང་དུ་འཚོལ་ཞིབ་བྱེད་པའི་གོམ་སྟབས་སྔར་ལས་ཆེ་བར་བྱེད་པ་དང་། སྔ་མོ་ནས་མཁའ་འགྲུལ་རྒྱལ་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་གསུངས། 

གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོའི་ཟླ་བཞི་བའི་ཚེས་ཉེ་བཞིའི་ཉིན། ཞིབ་འཇུག་དང་ཚོད་ལྟའི་བྱ་བར་ཞུགས་པའི་རྒྱ་ཆེའི་མི་སྣ་མང་བོས་ལོ་མང་བོར་འབད་བརྩོན་ལྷོད་མེད་བྱས་ཏེ། རང་རྒྱལ་གྱི་འཁོར་སྐར་ཐོག་མ་ཏུང་ཧྥང་ཧོང་ཨང་དང་པོ་དེ་བདེ་བླག་ངང་གཏོང་འཕེན་བྱེད་ཐུབ་པ་བྱུང་། འཕུར་མདའ་གཉིས་དང་འཁོར་སྐར་གཅིག་གི་བཟོ་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཏུང་ཧྥང་ཧོང་ཨང་དང་པོའི་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པ་ལས། ཀྲུང་ཧྭ་མི་རིགས་ཀྱིས་བར་སྣང་གི་གསང་བར་འཚོལ་ཞིབ་བྱེད་པ་དང་། ཞི་བའི་སྒོ་ནས་བར་སྣང་བེད་སྤྱོད་བྱེད་པ། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ཡོལ་རས་ངང་གིས་ཕྱེས་བྱུང་། ལོ་རྒྱུས་ཡིད་ལ་དམ་འཛིན་དང་སྙིང་སྟོབས་རྒྱུན་འཛིན་བྱེད་ཆེད། ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་གནང་བ་བརྒྱུད། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ལོ་རེའི་ཟླ་བཞི་བའི་ཚེས་ཉེར་བཞི་དེ་ཀྲུང་གོའི་མཁའ་འགྲུལ་ཉིན་མོར་གཏན་འཁེལ་བྱས། ཉེ་སྔོན། སུན་ཅཱ་ཏུང་དང་ཝང་ཞེ་ཅི། ཆི་ཧྥ་རིན། ཧུའུ་ཧྲ་ཞང་། ཕན་ཧིག་རིན། ཧུའུ་ཆི་ཀྲི། ཕིན་ཁྲིན་རོང་། ཀྲང་ཧྥུའུ་ཐེན། ཁྲིན་ཧྲིག་ཁྲོན། ཧན་ཧིག་ཅན། ཧྥང་ཞིན་ཧུའུ་བཅས་ཏུང་ཧྥང་ཧོང་ཨང་དང་པོའི་ལས་འགན་ནང་ཞུགས་པའི་ཚན་རིག་པ་རྒན་པ་བཅུ་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོའི་མཁའ་འགྲུལ་ལས་དོན་འཕེལ་རྒྱས་ཀྱི་གཟི་འོད་འབར་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་ཕུགས་འདུན་དང་མཁའ་འགྲུལ་ཕུགས་འདུན་མངོན་འགྱུར་བྱེད་པར་ཡིད་ཆེས་བརྟན་པོ་ཡོད་པའི་བསམ་ཚུལ་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།