ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཁྲང་ཧྥུའུ་ཡིས་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་འབྲུ་རིགས་བདེ་འཇགས་ལ་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར་གོ་ལ་ཧྲིལ་པོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་རྒྱུན་མཐུད་ངང་མཆེད་བཞིན་པའི་སྐབས་འདིར། ཀྲུང་གོའི་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཚེས21ཉིན་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་དགོས་ཞེས་བཤད་པ་རེད། ཁོང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་པོ་དང་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

“ཞིང་ལས་ནི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་རྨང་རྡོ་ལྟ་བུ་ཡིན་པས་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཞིང་ལས་བརྟན་པོ་ཡོང་བ་བྱེད་དགོས།” ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་སྐབས་སུ། ཀྲུང་གོས་འབྲུ་རིགས་དང“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་ཆེ་འབྲིང་མང་པོ་ཞིག་གིས་ཕྱེ་དང་ཤ་སྒོང་། ཤིང་ཏོག་དང་སྔོ་ཚལ། ཉ་རིགས་སོགས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་བྱུང་ཡོད། དེ་དང་ཆབས་ཅིག་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་བཏང་སྟེ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུན་ལྡན་ལྟར་སྤེལ་རྒྱུར་འགན་ལེན་བྱས་པས་ཀྲུང་གོའི་ཞིང་ལས་ཀྱིས་ཐེངས་འདིའིི་ཉེན་ཁ་ལས་རྒྱལ་ཐུབ་པ་བྱུང་ཡོད།

ཧན་ཁྲང་ཧྥུའུ་ཡིས་ལག་གདང་མཉམ་སྦྲེལ་སྒོས་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་པོ་དང་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་པ་སྟེ། གཅིག་ནི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་ལམ་སླར་གསོ་བྱེད་དགོས་པ་དང་ལྷག་པར་དུ་སའི་གོ་ལའི་ཕྱེད་བྱང་མར་ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱས་ནས་བདེ་བླག་ངང་ལོ་ཏོག་འདེབས་ཐུབ་པར་འགན་སྲུང་བྱེད་དགོས། གཉིས་ནི་ཞིང་ལས་ཐོན་རྫས་ཉོ་ཚོང་བརྟན་པོ་ཡོང་བ་དང་ཉོ་ཚོང་ཚོད་འཛིན་མེད་པར་གཏོང་བ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་རིགས་རྒྱལ་སྤྱིའི་ཟོག་འགྲེམས་བྱེད་པར་ཤར་བགྲོད་བྱེད་ཐུབ་དགོས་ལ། ཞིང་ལས་ཐོན་རྫས་ཉོ་ཚོང་གི་སྒྲིག་ལམ་དང་ཁྲོམ་ར་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས། གསུམ་ནི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ། རྒྱལ་སྤྱིའི་ཞིང་ལས་དར་སྤེལ་ཐེབས་རྩ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་། ཉམས་མྱོང་སྤེལ་རེས། ལག་རྩལ་མཉམ་ལས། སྲིད་ཇུས་མཐུན་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་སྒོས་གོ་ལ་ཧྲིལ་པོའི་རིམས་ནད་ལ་འགོག་རྒོལ་བྱེད་པར་ཞིང་ལས་ཐད་ནས་ནུས་པ་གང་ལེགས་འདོན་དགོས།

 ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ནི་གལ་ཆེན་ནང་གི་འགངས་ཆེན་ལ་བརྩིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་ལ་གཅིག་གྱུར་འཆར་འགོད་་བྱེད་པ་དང་། མུ་མཐུད་དུ་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ལག་བསྟར་བྱས་ཏེ་ད་ལོའི་ལོ་ཏོག་ལོ་ལེགས་འབྱུང་བར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།