ཏོག་གསར་གློ་ཚད་དུས་འཁོར་རང་བཞིན་གྱི་དགུན་དུས་སུ་སླར་ཡང་འབྱུང་ཉེན་ཆེ།

    མི་དམངས་དྲ་བའི་འཕྲིན། ཨ་རིའི་ཧ་ཝེར་སློབ་ཆེན་གྱི་ཞིབ་འཇུག་མི་སྣའི་ཞིབ་འཇུག་གསར་པ་ཞིག་ལ་གཞིགས་ན། ཆེས་ཚབས་ཆེ་བའི་རིམས་ནད་གསར་པའི་འཕར་ཐེངས་འདི་མཇུག་སྒྲིལ་རྗེས། རིམས་ནད་འདི་དུས་འཁོར་རང་བཞིན་གྱི་སྒོ་ནས་དགུན་དུས་སུ་སླར་ཡང་འབྱུང་སྲིད། ད་ལྟའི་སྤྱི་ཚོགས་འབྲེལ་གཏུག་གི་བར་ཐག་རྒྱུན་འཛིན་བྱེད་པའི་ཐབས་ལམ་འདི་2022ལོའི་བར་རིང་དུ་གཏོང་རྒྱུའི་དགོས་པ་ཡོད།

    ཞིབ་འཇུག་འདི་ནི་ཚེས་14ཉིན་ཨ་རིའི་《ཚན་རིག》དུས་དེབ་ཐོག་སྤེལ་ཡོད། ཧ་ཝེར་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་ཞིབ་འཇུག་མི་སྣས་ཨ་རིའི་βཁོངས་གཏོགས་ཏོག་དབྱིབས་ནད་དུག་གི་དུས་ཚོད་རིམ་སྟར་གཞི་གྲངས་ལ་བརྟེན་ནས། ཏོག་དབྱིབས་ནད་དུག་འདི་དྲོད་རྒྱུད་ས་ཁུལ་དུ་མཆེད་པ་འདྲ་བཟོ་བྱས་ནས། ད་སྐབས་ནས་2025ལོའི་བར་གྱི་ནད་དུག་གསར་པར་འབྱུང་སྲིད་པའི་འགུལ་རྣམ་སྔོན་དཔག་བྱས་པ་རེད། ཞིབ་འཇུག་མི་སྣས་ནད་དུག་གི་དུས་ཚིགས་རང་བཞིན་དང་། རིམས་ཐར་རང་བཞིན། སྣོལ་བའི་རིམས་ཐར་རང་བཞིན་བཅས་ཀྱི་ཚོད་རྩིས་གྲངས་ཐང་བཅས་ཀྱི་ཐད་ནས་ནད་དུག་མཆེད་པའི་དཔེ་དབྱིབས་གསར་པ་བཙུགས་པ་དང་། དཔེ་དབྱིབས་ལས་སྔོན་དཔག་བྱས་པ་ལྟར་ན། ཆེས་ཚབས་ཆེ་བའི་རིམས་ནད་གྱི་འཕར་ཐེངས་འདི་མཇུག་སྒྲུལ་རྗེས། རིམས་ནད་འདི་དུས་འཁོར་རང་བཞིན་གྱི་སྒོ་ནས་དགུན་དུས་སུ་སླར་ཡང་གློ་བུར་དུ་འབྱུང་སྲིད།
    ཞིབ་འཇུག་བྱས་པར་གཞིགས་ན། སྤྱི་ཚོགས་འབྲེལ་གཏུག་གི་བར་ཐག་རྒྱུན་འཛིན་ལག་བསྟར་ཐུབ་མིན་གྱི་ཚད་གཞི་གལ་ཆེན་ཞིག་ནི། སྨན་བཅོས་ལས་ཁུངས་ཀྱི་ནད་གཞི་ལྕི་མོ་ལྟ་སྐྱོང་བྱེད་ནུས་ཀྱིས་དགོས་མཁོ་སྐོང་ཐུབ་མིན་དེ་རེད། སྨན་བཅོས་ལས་ཁུངས་ཐེག་ཚད་ལས་བརྒལ་བར་སྔོན་འགོག་བྱ་ཆེད། དུས་ཡུན་རིང་པོའམ་ཡང་ན་བར་སྐབས་རང་བཞིན་གྱི་སྒོ་ནས་སྤྱི་ཚོགས་འབྲེལ་གཏུག་གི་བར་ཐག་རྒྱུན་འཛིན་བྱེད་པའི་ཐབས་ལམ་འདི་2022ལོའི་བར་ལ་རིང་དུ་གཏོང་རྒྱུའི་དགོས་པ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།