ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ།   སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས16ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ནས་རྒྱལ་ཁབ་ཁག་ལ་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཀྱི་ལས་འགན་འཕྲད་ཡོད། ང་ཚོས་ཟླ་གཅིག་ནང་ཁ་པར་ཐོག་ནས་གླེང་མོལ་ཐེངས་གཉིས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་མཉམ་ལས་ཐད་སྤེལ་རེས་དང་མཐུན་སྦྱོར་དེ་བས་ལེགས་པ་བྱས་ནས་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་པོ་སླར་ཡང་མངོན་པར་བྱས་ཡོད། ཁྱེད་ཉིད་སྐུ་ངོ་མས་རིམས་འགོག་ལས་དོན་ལ་བཀོད་སྒྲིག་དང་བཀོད་འདོམས་གནང་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་རུ་སུ་ཕྱོགས་ཀྱིས་རིམས་ནད་མཆེད་རྒྱུ་གང་མགྱོགས་ཚོད་འཛིན་ཐུབ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཐུབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་ངེས་ཡིན་པར་ང་ཚོ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཨུ་རི་ཆུ་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་སེམས་པ་གཅིག་ཏུ་འབྲེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་ཨུ་རུ་སུ་ཕྱོགས་ཀྱིས་རོགས་སྐྱོར་ཤུགས་ཆེན་བྱས་པ་དེ་ང་ཚོས་སེམས་ལ་ངེས་ཡོད། ཉིན་འདི་དག་ནང་ཀྲུང་གོ་སྲིད་གཞུང་གིས་མངགས་གཏོང་བྱས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་མོ་སི་ཁོར་ལས་དོན་ཧུར་ཐག་སྤེལ་ཏེ་ཨུ་རུ་སུ་ཕྱོགས་དང་རིམས་འགོག་གི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ལ་རོགས་སྐྱོབ་དངོས་ཟོག་ཁག་གཅིག་མཁོ་འདོན་བྱས་པ་མ་ཟད་ཨུ་རུ་སུ་ཕྱོགས་ལ་ཀྲུང་གོ་ནས་རིམས་འགོག་སྨན་བཅོས་དངོས་ཟོག་ཉོ་རྒྱུར་རོགས་རམ་ཧུར་ཐག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཕན་ཡོད་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཨུ་རུ་སུར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བར་འགན་ལེན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་རིམས་ནད་ཆབ་སྲིད་ཅན་དང་མཚོན་རྟགས་ཅན་དུ་བསྒྱུར་ན་རྒྱལ་སྤྱིའི་མཉམ་ལས་ལ་ཕན་ཐོགས་མེད་པས་ཀྲུང་ཨུས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་དགོས། རིམས་ནད་ཀྱི་ཚོད་བགམ་བརྒྱུད་ཀྲུང་ཨུའི་འཐབ་ཇུས་རོགས་ལས་སྔར་བས་བརྟན་ལ་སྟོབས་ཆེར་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་བརྟན་དུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
    ཕུའུ་ཅིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ཕན་འབྲས་གལ་ཆེན་ཐོབ་པ་མ་ཟད་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོར་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱེད་བཞིན་ཡོད། རིམས་ནད་ཐོན་ཚུན་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་མཉམ་ལས་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དེ་ཐོག་ནས་ཨུ་ཀྲུང་གི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་མཐོ་པོ་མཚོན་ཡོད། མི་འགའ་ཞིག་གིས་རིམས་ནད་འབྱུང་ཁུངས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མ་ཉེས་ཁག་གཡོགས་བྱེད་པའི་བྱེད་སྟངས་དེ་དང་ལེན་བྱེད་མི་རུང་བ་ཞིག་རེད། ཨུ་རུ་སུ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་རིམས་ནད་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
   རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མུ་མཐུད་བབ་བསྟུན་སྣ་མང་གི་བྱེད་ཐབས་ལ་བརྟེན་ནས་སྤེལ་རེས་དམ་ཟབ་བྱ་རྒྱུའི་མོས་མཐུན་གནང་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།