རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁུ་ལ་གློག་འཕྲིན་བཏང་ནས། ཉེ་ལམ་ཨུ་རུ་སི་དཀར་པོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་ཨུ་རུ་སི་དཀར་པོ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཐེངས་འདིའི་རིམས་ནད་བྱུང་བའི་རྗེས་སུ། ཀྲུང་གོ་དང་ཨུ་རུ་སི་དཀར་པོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ནས། ཕན་ཚུན་གཞོགས་འདེགས་དང་དཀའ་སྡུག་མཉམ་འཁུར་བྱེད་པའི་བླ་མེད་ཀྱི་བརྩེ་སེམས་མངོན་པར་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོས་རིམས་ནད་འགོག་རྒོལ་གྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱས་ནས། མུ་མཐུད་དུ་ཨུ་རུ་སི་དཀར་པོ་ལ་རང་གི་ནུས་ཚོད་ཀྱིས་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། རིམས་ནད་ལ་རྒྱལ་མཚམས་མེད་དེ། དེ་ནི་མིའི་རིགས་ཚང་མའི་ཐུན་མོང་གི་དགྲ་བོ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་རོགས་ལས་ལ་ཤུགས་བསྣན་ནས། ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་ཏེ། འཛམ་གླིང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་ལུའུ་ཁ་ཧྲིན་ཁུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།