ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་གནས་བབ་ལ་དབྱེ་ཞིབ་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཞིབ་ཕྲ་སྒོས་དམ་འཛིན་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དེང་སྐབས་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རིམས་འགོག་བྱ་བ་དང་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ཡར་ཞུ་བྱས་པར་ཉན་པ་དང་། དེང་སྐབས་ཀྱི་རིམས་འགོག་དང་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱས་པར་མ་ཟད་འབྲེལ་ཡོད་བསམ་འཆར་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་ཕུལ་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་རིམས་འགོག་གནས་བབ་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ནའང་། རིམས་འགོག་གྲུབ་འབྲས་སྲུང་འཛིན་བྱེད་པ་དང་རིམས་ནད་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་ལས་འགན་ཧ་ཅང་ལྗིད་པས། ངེས་པར་དུ་ཐོབ་དཀའ་བའི་གྲུབ་འབྲས་ལ་ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་པ་དང་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ལ། རིམས་འགོག་བྱ་བ་དང་དམ་པོར་སྦྲེལ་ཏེ་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་ཞིབ་ཕྲ་སྒོས་དམ་འཛིན་བྱེད་པ་དང་། གནས་བབ་དང་བསྟུན་ནས་ཕྱི་ནས་ནང་ལ་མཆེད་པའི་འགོག་སྲུང་དང་ནང་ནས་ཡར་བསྐྱར་འཕར་བ་གཏན་འགོག་བྱེད་པའི་བྱེད་ཐབས་སྣ་ཚོགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་ཧུར་ཐག་སྒོས་མི་དམངས་མང་ཚོགས་ལ་སྣེ་ཁྲིད་དེ་དགོས་ངེས་ཀྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པར་མ་ཟད་མུ་མཐུད་དུ་རིམས་ནད་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་སྲ་བརྟན་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས། ཁྱོན་ཡོངས་བརྟན་འཇགས་སུ་གཏོང་དགོས་ན། ངེས་པར་དུ་རིམས་ནད་ཡང་བསྐྱར་མི་འཕར་བ་འགན་སྲུང་བྱེད་པ་དང་དཔལ་འབྱོར་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་གཏོང་བ། དམངས་ཚིས་ཚད་མཐའ་བརྟན་སྲུང་བྱེད་དགོས། བརྟན་འཇགས་ཀྱི་རྨང་གཞིའི་སྟེང་དུ་ཧུར་ཐག་བརྩོན་ལེན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་ཁྲོད་དུ་ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱས་ཏེ་ཐོན་ཚད་འཕར་སྣོན་བྱུང་བར་སྐུལ་འདེད་གཏོང་བ་དང་། རྒྱུན་ལྡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་དགོས་ལ། འཕར་ས་གཙོ་བོ་གསོ་སྐྱོང་བཟང་བོ་བྱས་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་གསལ་བོར་ཤེས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། གོ་སྐབས་འཆོར་མེད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ལེགས་པོར་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་དགོས་ལ། རྒྱུ་རྐྱེན་ཚོང་ར་ཅན་གྱི་སྒྲིག་སྦྱོར་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རྦད་ཆོད་སྒོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་རྒྱལ་སྤྱིའི་དངོས་རྫས་འཁོར་རྒྱུག་འགན་སྲུང་བྱེད་དགོས་པར་མ་ཟད། རིམས་འགོག་དངོས་རྫས་ཕྱི་གཏོང་བྱེད་པའི་སྤུས་ཚད་ཁག་ཐེག་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།