ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རྒྱུན་འཁྱོངས་ལྷོད་མེད་སྒོས་གནད་འཁེལ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། གནད་ས་འབུར་དུ་ཐོན་པར་བྱས་ཏེ་མཐའ་མཚམས་ས་ཁུལ་དང་གྲུ་ཁའི་གྲོང་ཁྱེར་གྱི་རིམས་ནད་འགོག་སྲུང་བྱ་བར་གཙིགས་འཛིན་བྱེད་དགོས་ལ། གཅིག་བསྡུས་རང་བཞིན་གྱི་རིམས་ནད་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་མྱུར་དུ་ལས་ཐོན་སླར་གསོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་གནད་ས་འབུར་དུ་ཐོན་པར་བྱས་ཏེ་རིམས་ནད་རྒྱལ་ཁོངས་བརྒལ་ནས་ནང་ལ་མཆེད་པ་གཏན་འགོག་བྱེད་དགོས། མཐའ་མཚམས་ཞིང་ཆེན་གྱིས་འགོག་སྲུང་ཇུས་གཞི་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་གཅིག་ལ་ཇུས་གཞི་གཅིག་གཏན་འཁེལ་བྱེད་པ་དང་སྐོར་ཁག་བགོས་ནས་འགན་ལེན་བྱེད་དགོས། རྒྱལ་ཡོངས་ནས་ནད་ཡམས་འགོག་བཅོས་ཆེད་མཁས་པ་དང་སྨན་བཅོས་སྟོབས་ཤུགས་མངགས་ཏེ་མཐའ་མཚམས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད། རིམས་ནད་འགོག་སྲུང་མི་སྣ་དང་དངོས་རྫས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོའི་སྒྲུབ་སྟངས་ལ་སྤྱི་སྡོམ་དང་གསེད་བཀྲོལ་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་བ་དང་མཉམ་དུ་ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་འགོག་སྲུང་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་། ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པར་ཤུགས་སྣོན་དགོས་ལ། གཞིས་ཁུལ་གྱི་འགོག་སྲུང་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་བརྟན་བརླིང་སྒོས་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།