ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས16ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཧྲིལ་བོར་མཆེད་བཞིན་འདུག་པས། རྒྱལ་ཁབ་སོ་སོ་ཚང་མར་རིམས་ནད་སྔོན་འགོག་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ལྷགས་ཡོད། ང་ཚོས་ཟླ་གཅིག་གི་ནང་ཁ་པར་ཐེངས་གཉིས་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་མཐུན་སྦྱོར་སྔར་བས་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གཏིང་ཟབ་ཡོད་པ་གསལ་བོར་མཚོན་ཡོད། ཁྱེད་ཀྱིས་སྐུ་དངོས་སུ་རིམས་ནད་སྔོན་འགོག་གི་ལས་དོན་ལ་བཀོད་སྒྲིག་དང་བཀོད་འདོམས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ཡོད་དེ། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཨུ་རུ་སུ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་འགན་ལེན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུའི་རི་ཆུ་འབྲེལ་ཏེ་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་ཏུ་སྦྲེལ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་སུ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ནས་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཉིན་འདི་དག་ལ་ཀྲུང་གོ་སྲིད་གཞུང་གིས་མངགས་པའི་སྨན་བཅོས་ཆེད་མཁས་པ་ཚན་ཆུང་གིས་ཧུར་ཐག་གིས་མོ་སི་ཁོར་ལས་དོན་སྤེལ་བཞིན་ཡོད་པ་དང་། ཨུ་རུ་སུ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་པའི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ལ་རོགས་སྐྱོར་བྱས་པ་མ་ཟད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོར་རིམས་ནད་འགོག་བཅོས་ཀྱི་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་རྒྱུར་གཞོགས་འདེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སུ་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་་ཧུར་ཐག་གིས་རང་རྒྱལ་ཁོངས་སུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་སྔར་བཞིན་རང་རྒྱལ་ཁོངས་སུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་རྒྱུན་གཏན་ལས་དོན་དང་འཚོ་བར་འགན་ལེན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རིམས་ནད་ཆབ་སྲིད་ཅན་དང་ཤོག་བྱང་ཅན་དུ་འགྱུར་རྒྱུ་དེ་རྒྱལ་སྤྱིའི་མཉམ་ལས་ལ་ཕན་པ་མེད་པས། ཀྲུང་གོ་དང་ཨུ་རུ་སུས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་གིས་གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་ཚོང་དོན་བསྡོམས་འབོར་དུས་མཉམ་ལས3.4%འཕར་བ་དེ་ནི་འཛམ་གླིང་གི་དཔལ་འབྱོར་ཧྲིལ་པོ་མར་ཆག་པའི་རྒྱབ་ལྗོངས་འོག་དེ་བས་རྩ་ཆེན་པོ་ཞིག་རེད། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་སྟབས་བསྟུན་སྣ་མང་གི་མཉམ་ལས་བྱེད་སྟངས་གསར་པ་སྤྱད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རིམས་ནད་ཀྱི་ཚོད་བགམ་བརྒྱུད་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་སྔར་བས་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཕུའུ་ཅིན་གྱིས་བཤད་རྒྱུར།  ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་ལོན་པ་མ་ཟད། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་ལ་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱེད་བཞིན་ཡོད། རིམས་ནད་བྱུང་བ་ནས་བཟུང་། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཐབ་ཇུས་རང་བཞིན་ཆུ་ཚད་མཐོན་པོ་ཡོད་པ་གསལ་བོར་མཚོན་ཡོད། མི་ཁ་ཤས་ཀྱིས་ནད་དུག་གི་འབྱུང་རྩའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་བྱེད་སྟངས་ལ་ཤུགས་རྐྱེན་ངན་པ་བཟོ་རྩིས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ནད་ཡམས་འགོག་པ་སོགས་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲོམ་གཞིའི་ནང་འབྲེལ་བ་དང་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། །

  རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མུ་མཐུད་དུ་སྟབས་བསྟུན་སྣ་མང་གི་བྱེད་ཐབས་བརྒྱུད་དེ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་རྒྱུའི་མོས་མཐུན་བྱུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།