ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ནི་སྐྱིད་སྡུག་མཉམ་གནས་ཀྱི་ལས་སྐལ་གྲོས་མཐུན་ཚོགས་པ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ཤུགས་གཅིག་བསྡུས་བྱས་ན་ད་གཟོད་དཀའ་ཁག་མཉམ་སེལ་དང་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་ཐོག་མར་སླར་གསོ་དང་སྨན་བཅོས་རིམས་འགོག་དངོས་རྫས་ཐོན་ནུས་མཐོར་འདེགས་སུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བརྟན་འཇགས་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།
ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། དེང་སྐབས་ཧྥིན་ལན་རྒྱལ་ཁབ་ཛ་དྲག་ཆེ་བའི་རིམས་འགོག་གནས་བབ་དང་འཕྲད་ཡོད་པས། ཧྥིན་ལན་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་གིས་ང་ཚོར་ནུས་པ་ཆེན་པོ་བཏོན་པ་དང་། ཀྲུང་གོས་སྨན་བཅོས་རིམས་འགོག་དངོས་རྫས་སོགས་ཕྱོགས་སུ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བས། ཧྥིན་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཧྥིན་ལན་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ངེས་ཡིན། བདག་གིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞི་ཅིན་ཕིང་གིས་ཧྥིན་ལན་རྒྱལ་ཁབ་ཀྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་ཁ་པར་བཏང་།