ཞི་ཅིན་ཕིང་གིས་ཅིར་ཅི་སི་ཐན་གྱི་ཙུང་ཐུང་རེ་ཨུན་པེ་ཁི་ཧྥུའུ་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིར་ཅི་སི་ཐན་གྱི་ཙུང་ཐུང་རེ་ཨུན་པེ་ཁི་ཧྥུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཏུ་འགྲོ་བ་དེས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྣང་ཆེན་པོ་བཟོས། ཀྲུང་གོའི་རིམས་འགོག་གནས་བབ་ཛ་དྲག་ཆེ་བའི་སྐབས་སུ། ཅིར་ཅི་སི་ཐན་སྲིད་གཞུང་གིས་དཀའ་ཁག་ཁྱད་སེལ་བྱས་ཏེ་དུས་ཐོག་ཏུ་ཀྲུང་གོ་ལ་སྨན་བཅོས་དངོས་རྫས་འདོན་སྤྲོད་བྱས་པ་དང་། ཅིར་ཅི་སི་ཐན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྣམ་པ་མི་འདྲ་བ་སྤྱད་དེ་ཀྲུང་གོའི་རིམས་འགོག་འཐབ་རྩོད་ཐད་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས་པས་ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་བརྗེད་མི་སྲིད། མིག་སྔར་ཅིར་ཅི་སི་ཐན་ཕྱོགས་དཀའ་ཁག་དང་འཕྲད་པའི་སྐབས་སུ། ཀྲུང་གོས་ཅིར་ཅི་སི་ཐན་ཕྱོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་ཐད་ནུས་ཤུགས་གང་ཡོད་འདོན་པ་དང་མུ་མཐུད་དུ་ཅིར་ཅི་སི་ཐན་ཕྱོགས་ལ་རིམས་འགོག་ཉམས་མྱོང་དང་སྨན་བཅོས་ཇུས་གཞི་འདོན་སྤྲོད་བྱེད་པར་མ་ཟད་མྱུར་དུ་སྨན་བཅོས་ཆེད་མཁས་ཚན་ཁག་མངགས་པ་ཡིན། ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཅིར་ཅི་སི་ཐན་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།

རེ་ཨུན་པེ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་རྒོལ་འཐབ་རྩོད་ཐད་ལ་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པར་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་བཏོན། ཅིར་ཅི་སི་ཐན་ནི་ནམ་ཡང་ཀྲུང་གོ་མི་དམངས་ཀྱིས་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཡིན། ཅིར་ཅི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གྲོས་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།