ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་པུས་སྣོད་བཅུད་ཁོར་ཡུག་ལས་གྲྭ་གལ་ཆེན་ཁག114ཡི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲོམ་རའི་མ་འཇོག་ལ་སྐུལ་ཁྲིད་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོའི་དགོས་མཁོ་སྐོང་བ་བཅས་ལ་ཕན་པའི་སྤྱིའི་བླང་བྱ་གཞིར་བཟུང་། ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས་ལག་བསྟར་བྱེད་བཞིན་པ་དང་བྱེད་ཉེར་ཡོད་པའི་སྣོད་བཅུད་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྣོད་བཅུད་སླར་གསོ་བཅོས་སྒྲིག་ལས་གྲྭའི་རྣམ་གྲངས་ཀྱི་གསལ་ཐོ་ཁག་114གསེད་བཀྲོལ་བྱས་པ་དང་སྦྲགས། མ་འཇོག་དོན་འཁྱོལ་དང་ལས་གྲྭའི་འཕེལ་རིམ་གནས་ཚུལ་ཐད་ས་གནས་ཁག་དབར་ཞིབ་བསྡུར་བྱས་པ་རེད།

ད་ཐེངས་གསེད་བཀྲོལ་བྱས་པའི་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཁག་114ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2515.4གཏོང་རྩིས་ཡོད་པ་དང་། 2019ལོའི་ལོ་མཇུག་བར་མ་དངུལ་སྒོར་དུང་ཕྱུར་1249.3བཏང་ཞིང་། དེའི་ནང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་དང་སྦུག་དྲ་འཛུགས་སྐྲུན་དང་། རྫབ་ཆུ་བཅོས་སྒྲིག འཚོ་བའི་གད་སྙིགས་དང་ཉེན་ཡོད་ཟོག་རོ་དང་། སྨན་བཅོས་ཟོག་རོ་གཙང་སེལ་སོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་97དང་། འཐུང་ཆུའི་ཆུ་འགོ་དང་། རང་བྱུང་སྲུང་སྐྱོང་ཁུལ། གཏེར་རི། འདམ་ར། ནགས་ས། སྦགས་བཙོག་ཕོག་པའི་ས་ཆ་སོགས་སྣོད་བཅུད་སླར་གསོ་བཅོས་སྒྲིག་གི་ལས་གྲྭའི་རྣམ་གྲངས་ཁག་13 ཁེ་ལས་ཀྱི་གནས་ཡུལ་གསར་པ་འཛུགས་སྐྲུན་དང་བཟོ་ལས་གླིང་འཛུགས་སྐྲུན་སོགས་ཀྱི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་འཕྲལ་མཁོ་ཆེ་བའི་ལས་གྲྭའི་རྣམ་གྲངས་ཁག་4བཅས་ཚུད་ཡོད་པ་རེད། རྣམ་གྲངས་དེ་དག་ནི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པའི་རྣམ་གྲངས་རེད་ལ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་གི་ཉེན་བརྡའི་པར་གཞི་བཅོས་སྒྲིག་གི་གཙོ་གནད་ལས་འགན་ཞིག་ཀྱང་རེད།

མིག་སྔར། རྣམ་གྲངས་དེ་དག་མང་ཆེ་བ་ལས་འགོ་བསྐྱར་འཛུགས་ཀྱི་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་། རྗེས་མཐུད་ཀྱི་མ་དངུལ་དོན་འཁྱོལ་ཐུབ་ནས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའམ་ཡང་ན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ཆ་རྐྱེན་འཛོམས་ཡོད་པ་རེད། སྣོད་བཅུད་ཁོར་ཡུག་པུས་འཕྲིན་ཡིག་སྤྲིངས་པའི་ནང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་རྣམ་གྲངས་ལ་རྒྱུན་གཏན་གྱི་ལས་གྲྭའི་འཕེལ་རིམ་སླར་གསོ་གང་མགྱོགས་ཐུབ་པ་བྱས་ཏེ། སྔོན་གཏན་འཁེལ་བའི་འཆར་གཞིའི་དམིགས་ཚད་དུ་སླེབས་གང་ཐུབ་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་མེད་པའི་རྣམ་གྲངས་ལ་དུས་ཚོད་དམ་འཛིན་གྱིས་གྲ་སྒྲིག་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་པ་བྱེད་དགོས། ལྟ་བཤེར་དང་འབྲི་ཆུའི་ཉེན་ཟོན་པར་གཞི་བཅོས་སྒྲིག་གི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་གྲྭ་འཛུགས་སྐྲུན་དང་། ལས་གྲྭའི་འཕེལ་རིམ་དང་ལས་གྲྭའི་སྤུས་ཚད་ལ་སྤྱི་འདོམས་བྱས་ནས་བཅོས་སྒྲིག་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།