ཀྲུང་གོ་བོད་ཀྱི་དྲ་བ།

པུའུ་ཨུ་བཞི་ཡིས་རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཕོག་པའི་ནད་པར་སྔོན་ལ་སྨན་བཅོས་དང་རྗེས་སུ་རིན་སྤྲོད་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཕོག་པའི་ནད་པའི་སྨན་བཅོས་འགྲོ་གྲོན་གཏོང་སྤྲོད་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད། ཉིན་ཤས་སྔོན་ལ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་ཕྱི་འབྲེལ་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ་དང་དོགས་ཡོད་ནད་པ་རྣམས་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་མེད་ཚེ་སྨན་བཅོས་སྡེ་ཁག་གིས་སྔོན་ལ་སྐྱོབ་བཅོས་བྱས་རྗེས་སྨན་རིན་བསྡུ་རྒྱུ་དང་འགྲོ་སོང་ཚང་མ་ནད་པ་སྒེར་གྱིས་འགན་འཁུར་དགོས།

 རིམས་ནད་བྱུང་བའི་སྐབས་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་རང་རྒྱལ་གྱི་པྲོག་གསར་གློ་ཚད་ཀྱི་གཏན་འཁེལ་དང་དོགས་ཡོད་ནད་པ་ཚང་མར་སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། ཐེངས་འདིའི་པུའུ་ཨུ་བཞི་ཡིས་གཤམ་སྤྲོད་བྱས་པའི་བརྡ་ཐོ་ནང་རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཕོག་མཁན་ལ་སྨན་བཅོས་འགྲོ་གྲོན་ཇི་ལྟར་གཏོང་སྤྲོད་བྱེད་དགོས་པའི་སྐོར་གྱི་སྲིད་ཇུས་གསལ་བོ་བཏོན་ཡོད།

 བརྡ་ཐོའི་ནང་། རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ་དང་དོགས་ཡོད་ནད་པ་རྣམས་ཚོང་ལས་ཅན་གྱི་བདེ་ཐང་འགན་བཅོལ་ནང་ཞུགས་ཡོད་པ་ཡིན་ན་ཚོང་ལས་འགན་བཅོལ་ཀུང་སིའི་གན་རྒྱ་ལྟར་དུས་ཐོག་ཏུ་སྤྲོད་ཆོག་ལ། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ་དང་དོགས་ཡོད་ནད་པའི་རིགས་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་རིགས་ཆེ་གྲས་ཀྱི་འགན་སྲུང་ལྟར་སྤྲོད་དགོས་ཤིང་དེ་བྱིངས་ཀྱི་འགྲོ་གྲོན་ནད་པ་མི་སྒེར་གྱིས་སྤྲོད་དགོས་ཞེས་བླང་བྱ་བཏོན།

 བརྡ་ཐོ་ནང་ད་དུང་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་རྒྱལ་ཁོངས་གཞན་གྱི་མི་སྣ་སྨན་ཁང་དུ་ལྟ་ཞིབ་བྱེད་པ་ལས་བྱུང་བའི་སྨན་བཅོས་འགྲོ་གྲོན་གཏན་འབེབས་ལྟར་གཏོང་སྤྲོད་བྱེད་ཆོག་པ་དང་། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་མེད་པ་ཡིན་ན་མི་སྒེར་གྱིས་འགན་འཁུར་རྒྱུ། རྒྱལ་ཁོངས་གཞན་གྱི་མི་སྣར་གཅིག་བསྡུས་ཀྱིས་ལོགས་སུ་བཀར་སྐབས་བྱུང་བའི་གྲོན་དངུལ་ཡོད་ཚད་གཞི་རྩའི་སྟེང་མི་སྒེར་གྱིས་འགན་འཁུར་དགོས།

བརྡ་ཐོ་ནང་ས་གནས་སོ་སོས་འབྲེལ་ཡོད་སྡེ་ཁག་གིས་ས་གནས་དེ་གའི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚོགས་ཆུང་(བཀོད་འདོམས་པུའུ)གི་འགོ་ཁྲིད་འོག་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཕོག་པའི་ནད་པའི་ཆ་འཕྲིན་དུས་ཐོག་ཏུ་རྒྱུས་ལོན་བྱ་རྒྱུ་དང་། རྒྱལ་ཁོངས་ཕྱི་ནས་ཡིན་པའི་པྲོག་གསར་གློ་ཚད་ཕོག་པའི་ནད་པར་སྐྱོབ་བཅོས་དང་། འགྲོ་གྲོན་རྩིས་རྒྱག ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པ་མ་ཟད། དོན་དག་གལ་ཆེན་འཕྲད་སྐབས་དུས་ཐོག་ཏུ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་། ཕྱི་འབྲེལ་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ལ་སྙན་སེང་ཞུ་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།