ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཚུན་ལ་གཏན་ལ་ཕབ་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ནས་ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་སྒྱུར་བཀོད་ཤུགས་ཚད་ཇེ་ཆེར་བཏང་ནས་དམངས་ཚིས་ལེགས་བཅོས་དང་ནང་མཁོ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་སྒོས་ལག་བསྟར་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ད་ལོའི་ཚུན་ལ་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ།  ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་རིན་འཕར་དཔྱ་ཁྲལ་མེད་པར་གཏོང་བ་དང་ཡང་ན་ཇེ་དམའ་རུ་གཏོང་བ་དང་། དུས་སྐབས་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་མེད་པར་གཏོང་བ་དང་ཡང་ན་ཇེ་ཉུང་དུ་གཏོང་བ། གཞུང་ལམ་སྟེང་གི་གྲོན་དངུལ་བསྡུ་མཚམས་འཇོག་པ། ཁེ་ལས་ཀྱིས་གློག་དང་སོལ་རླངས་བཀོལ་བའི་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་དང་དེ་མིན་ན་ནིང་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་ལག་བསྟར་བྱས་པ་དེས་ཁེ་ལས་ཀྱི་ཁུར་བོ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ཇེ་ཉུང་དུ་གཏོང་ཐུབ་ཟེར།

ཚོགས་ཐོག་ནས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་བབ་ཧ་ཅང་ཛ་དྲག་ཆེ་བས། གཙོ་བོ་ཁེ་ལས་བརྟན་འཇགས་སུ་གཏོང་བ་དང་ལས་གནས་རྒྱ་བསྐྱེད་པ། མཐར་ཕྱིན་སློབ་མ་ལས་ཀར་ཞུགས་ཚད་ཇེ་ཆེར་གཏོང་དགོས། ཚན་ཞིབ་ལས་རོགས་པའི་ལས་གནས་གསར་སྤེལ་བྱས་ཏེ། གཞི་རིམ་དགེ་རྒན་དང་སྨན་བཅོས་མི་སྣའི་དཔུང་སྡེ་ཇེ་ཆེར་གཏོང་དགོས། ཚོང་ར་ཅན་གྱི་བྱེད་ཐབས་མང་པོ་སྤྱད་དེ་མཐར་ཕྱིན་སློབ་མས་གཞིས་ཁུལ་གྱི་རིགས་སོ་སོའི་ཞབས་ཕྱིའི་དགོས་མཁོ་དམིགས་ནས་ལས་སྐྲུན་ལས་ཞུགས་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མཁར་གྲོང་གཞིས་ཁུལ་རྙིང་བ་སྒྱུར་བཀོད་བྱེད་པ་ནི་སྡོད་དམངས་ཀྱི་འདུག་གནས་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ནང་མཁོ་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་ལོར་ས་གནས་སོ་སོས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་ཁྲི་གསུམ་དང་སྟོང་དགུ་སྒྱུར་བཀོད་བྱེད་རྒྱུ་འཆར་འགོད་བྱས་ཤིང་། སྡོད་དམངས་ཁྱིམ་ཚང་ས་ཡ་བདུན་ཙམ་ལ་འབྲེལ་བ་ཡོད་པ་དང་། དེ་སྔོན་ལོ་དང་བསྡུར་ན་ལྡབ་གཅིག་ཇེ་མང་དུ་སོང་ཞིང་གཙོ་བོ་ཉིས་སྟོང་ལོའི་ལོ་མཇུག་གི་སྔོན་ལ་ལས་པའི་གཞིས་ཁུལ་ཡིན་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།