ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་རིམས་ནད་ཀྱི་གནས་ཚུལ་གསར་བ་ངོ་སྤྲོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། རིམས་ནད་ཀྱི་གནས་ཚུལ་གསར་བ་དང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་རྫས་སོགས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

ཟླ་བཞི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་ཉིས་བརྒྱ་ཞེ་དགུ་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་སྟོང་གཅིག་དང་བཞི་བརྒྱ་རེ་བཞི་ཡོད། ཉིན་དེར་གསར་སྣོན་བྱུང་བའི་ནད་པ་གྱ་དགུ་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་གྱ་དྲུག་ཡོད་ལ། རང་ས་གནས་ཀྱི་ནད་པ་གསུམ་ཡོད། མིག་སྔར་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་སྟོང་གཅིག་བརྒྱ་དང་བདུན་ཅུ་ཡོད་པ་དང་། དེའི་ཁྲོད་ནད་ལྕི་བའི་ནད་པ་བརྒྱ་དང་བཅུ་དྲུག་ཡོད། པྲོག་དབྱིབས་ནད་དུག་གསར་བ་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་བསྡོམས་པས་སྟོང་གསུམ་དང་སུམ་བརྒྱ་ཞེ་གཅིག་ལ་སླེབས་པ་དང་། ཚེས་བཅུ་བཞི་ཉིན་རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཀྱང་མ་བྱུང་། དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ་ཁྲི་བདུན་དང་སྟོང་བདུན་བདུན་བརྒྱ་སོ་བརྒྱད་ཡོད་པ་དང་། ཉིན་དེར་གསར་སྣོན་བྱུང་བའི་ནད་པ་དོན་ལྔ་ཡོད་ལ། དོགས་ཡོད་ནད་པ་དོན་གཉིས་ཡོད་པ་དང་། ཉིན་དེར་གསར་དུ་བྱུང་བའི་དོགས་ཡོད་ནད་པ་གསུམ་ཡོད་། ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ཡིན། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཧུའུ་པེ་རུ་ནད་པ་གསར་བ་གཅིག་ཀྱང་མ་བྱུང་བ་དང་། དོགས་ཡོད་ནད་པ་གསར་བ་ཡང་གཅིག་ཀྱང་མ་བྱུང་། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་བར་དུ། ཕྱི་རྒྱལ་ནས་ཡོང་བའི་ནད་པ་དགུ་བརྒྱ་དང་ལྔ་ལ་སླེབས་པ་དང་། དེའི་ཁྲོད་ནད་ལྕི་བའི་ནད་པ་སོ་བདུན་ཡོད་ལ། དོགས་ཡོད་ནད་པ་དོན་གཉིས་ཡོད་པ་དང་། དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ་ལྔ་བརྒྱ་དང་ང་དགུ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཀྱང་མ་བྱུང་། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ནད་རྟགས་མི་མངོན་པའི་ནད་པ་ང་བཞི་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ལྔ་ཡོད་ལ། ཉིན་དེར་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་རེ་བདུན་ལ་སླེབས་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་རེ་དྲུག་ཡོད། ཉིན་དེར་སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་མི་དགོས་པ་བཟོས་པའི་མི་སྣ་ཞེ་དྲུག་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་དགུ་ཡོད། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ནད་རྟགས་མི་མངོན་པའི་ནད་པ་སྟོང་གཅིག་དང་ལྔ་ཡོད་པ་དང་། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ཉིས་བརྒྱ་དང་སོ་བདུན་ཡོད་ཟེར།

ཚན་རྩལ་པུའུ་སོགས་སྡེ་ཁག་གིས་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་སོགས་གནད་དོན་ཐད་ནས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།