ལིས་ཁི་ཆང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་འགོ་ཁྲིད་པའི་དམིགས་བསལ་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ནས་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་འགོ་ཁྲིད་པའི་དམིགས་བསལ་གྲོས་ཚོགས་ལ་ཞུགས་པ་དང་གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པ་སྤྱད་ནས་བསྡུས་པ་རེད།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་རིམས་ནད་དེ་འཛམ་གླིང་ཁྱབ་ཁོངས་སུ་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད། ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། རྒྱལ་ཁབ་གང་རུང་གིས་རང་སྲུང་གཙོ་བཞག་བྱེད་མི་རུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་ཆེར་བསྐྱེད་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་མཐུན་སྒྲིལ་ཁ་གཏད་འཇལ་དགོས་པའི་རེ་འབོད་བཏོན། ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་ལས་སྐལ་གྲོས་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐུན་མོང་གི་འདོད་བློ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་ལ། ཆོད་སེམས་བརྟན་པོ་བཅངས་ཤིང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཨེ་ཤ་ཡའི་ཤར་མའི་རྒྱལ་ཁབ་ཀྱིས་དཀའ་སྡུག་མཉམ་སེལ་དང་སོ་སྲུང་རོགས་རེས་བྱེད་པར་འབོད་སྐུལ་བཏང་ནས། ཨེ་ཤ་ཡ་ཤར་མའི་ས་ཁུལ་རིམས་ནད་ལས་རྣམ་པར་རྒྱལ་བར་བརྩོན་ལེན་བྱེད་་དགོས་ཟེར།

ལིས་ཁི་ཆང་གིས་རིམས་འགོག་མཉམ་ལས་ཐད་ལ་གྲོས་འགོ་འགའ་བཏོན། གཅིག སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ནས་སྤྱི་ཐུན་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གཉིས། ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱས་ཏེ་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། གསུམ། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་རིགས་སོ་སོའི་ཉེན་ཁ་དང་འགྲན་རྩོད་གཏན་འགོག་བྱེད་དགོས་ཟེར།

ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་བཤད་དོན། རིམས་ནད་བཟོས་པའི་འགྲན་རྩོད་ཀྱི་མདུན་དུ་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཐུན་སྒྲིལ་དམ་པོ་བྱེད་པ་དང་མཐུན་སྦྱོར་སྒོས་འགུལ་སྐྱོད་སྤེལ་ཞིང་ཉམས་མྱོང་བརྗེ་རེས་དང་ཆ་འཕྲིན་ལོངས་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། ས་ཁུལ་འགོག་སྲུང་རྐྱེན་སྲོལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཆེ་ཕྱོགས་ནས་དཔལ་འབྱོར་དང་སྲིད་ཇུས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ཞིང་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་འགན་སྲུང་བྱེད་པ་དང་ཚོང་རའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། རིམས་ནད་ལས་རྣམ་པར་རྒྱལ་རྗེས། ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།