སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡིས་བྱ་ཐབས་གསུམ་གྱིས་ནད་རྟགས་མེད་པའི་ནད་པ་བཀག་འགོག་དང་ངོས་འཛིན་བྱས་པ།

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་འཕྲིན། ཚེས13ཉིན། སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཕྱོགས་བསྡུས་ལས་སྒོ་སིའི་སི་ཀྲང་ཅིན་ཧའེ་ཡིས་ནད་རྟགས་མེད་པའི་ནད་པས་སྒོ་ཁྲལ་ལས་ཁུངས་ཀྱི་རིམས་ནད་ཞིབ་བཤེར་དང་གྲལ་བཤེར་ལ་འགྲན་སློང་ཧ་ཅང་ཆེན་པོ་བྱིན་པས་མིག་སྔར་གཙོ་བོ་བྱེད་ཐབས་གསུམ་ལ་བརྟེན་ནས་ཁ་གཏད་གཅོག་གིན་ཡོད་ཅེས་ངོ་སྤྲོད་བྱས།  

གཅིག འཁོར་རྒྱུག་ལེགས་སྒྲིག་བྱ་ཡུལ་མང་དུ་བཏང་བ་དང་འཁོར་རྒྱུག་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་ཐང་འདུན་ཞུའི་བྱང་བུ་དང་རིམས་ནད་རིག་པའི་བརྟག་དཔྱད་ཀྱིས་ཉེན་ཁ་ཆེ་བའི་མི་སྣ་དབྱེ་འབྱེད་དང་ནད་རྟགས་མེད་པའི་ནད་པ་ཤེས་རྟོགས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། རེ་ཞུ་བྱས་པའི་ཉིན14ཡི་རིང་རིམས་ནད་ནང་འདྲེན་བྱེད་ཉེན་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་གནས་སྡོད་ལོ་རྒྱུས་དང་། འབྲེལ་འདྲེས་ལོ་རྒྱུས། ནད་རྟགས་ཡོད་མཁན་བཅས་ལ100%ཡི་རིམས་ནད་རིག་པའི་བརྟག་དཔྱད་བྱས་ཡོད།

གཉིས། མ་དཔེ་ཚད་ལེན་གྱི་རིགས་མང་དུ་བཏང་ནས་གདགས་གཤིས་ཞིབ་བཤེར་ཐུབ་ཚད་མཐོ་རུ་བཏང་བ།  ཟླ4བའི་ཚེས1ཉིན་ནས་བཟུང་སྒོ་ཁྲལ་ལས་ཁུངས་ཀྱིས་ཉིང་སྐྱུར་མ་དཔེ་ཞིབ་དཔྱད་ཁྱབ་ཁོངས་དེ་རྒྱལ་ནང་དུ་ལོག་པའི་འགྲུལ་བ་ཡོངས་ལ་ཁྱབ་ཏུ་བཅུག་ཡོད་པ་དང་། སྒོ་ཁྲལ་ལས་ཁུངས་ཁག་གཅིག་གིས་ད་དུང་ས་གནས་དང་མཉམ་འབྲེལ་གྱིས་མ་དཔེ་འཚོལ་བསྡུ་དང་ཚོད་ལྟ་ཁང་གཉིས་ཀྱིས་མཉམ་འབྲེལ་ཞིབ་བསྡུར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད“སྲིབ་གཤིས་རྫུས་མ”འི་གནས་ཚུལ་ཉུང་དུ་གཏོང་གིན་ཡོད།  

གསུམ། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཟུམ་སྡོམ་དོ་དམ་ཆགས་སུ་འཇུག་པ། སྒོ་ཁྲལ་གྱི་རིམས་ནད་ཞིབ་བཤེར་རིམ་པ་མཇུག་འགྲིལ་རྗེས། སྒོ་ཁྲལ་གྱིས་མི་སྣ་ཚང་མ་དང་དེ་དག་གི་ཆ་འཕྲིན་ས་གནས་ཀྱི་མཉམ་འགོག་མཉམ་བཅོས་སྒྲིག་གཞི་ལས་ཁུངས་ལ་རྩིས་སྤྲོད་བྱས་ཤིང་། ས་གནས་ནས་ཆེད་དམིགས་སྨན་ཁང་དུ་སྨན་བཅོས་སམ་ཡང་ན་ཟུར་བཀར་ལྟ་ཞིབ་ཉིན14རིང་བྱས་ཏེ་དུས་ཐོག་ཏུ་རིམས་ནད་ཀྱི་འབྱུང་ཁུངས་བཀག་འགོག་བྱེད་པའི་ཟུམ་སྡོམ་དོ་དམ་གྱི་རྣམ་པ་ཞིག་ཆགས་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།