ཞི་ཅིན་ཕིང་གིས་མའོ་ཞི་ཁོའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་མའོ་ཞི་ཁོའི་ཙུང་ཐུང་ལའོ་ཕའེ་སི་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་མའོ་ཞི་ཁོ་སོགས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་དག་གི་རིམས་ནད་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད་ཅིང་། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། མའོ་ཞི་ཁོའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། སྐུ་ཞབས་ཙུང་ཐུང་གི་མགོ་ཁྲིད་འོག་ཏུ། མའོ་ཞི་ཁོ་མྱུར་མོར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་མའོ་ཞི་ཁོ་ལ་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆེད་མཁས་པའི་བརྙན་རིས་གྲོས་ཚོགས་སོགས་ཀྱི་ཐབས་ལ་བརྟེན་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་བརྟག་བཅོས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཆོག་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། བདག་གིས་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཐད་གྲོས་གཞི་བཞི་བཏོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མའོ་ཞི་ཁོ་དང་བཅས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་ཏེ། མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་འདོད་ཡོད། ཐེངས་འདིའི་རིམས་འགོག་མཉམ་ལས་བརྒྱུད་དེ་ཀྲུང་གོ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བཤེས་ཇེ་ཟབ་ཏུ་སོང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་ཇེ་མཐོར་འགྲོ་སྲིད་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མའོ་ཞི་ཁོའི་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ལའོ་ཕའེ་སི་ཡིས་བསྟན་དོན། མའོ་ཞི་ཁོ་ཕྱོགས་དེང་སྐབས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་རྒོལ་བྱེད་པའི་དཀའ་ཁག་གི་དུས་སྐབས་སུ་གནས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མའོ་ཞི་ཁོའི་རིམས་འགོག་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་། དེ་མའོ་ཞི་ཁོ་ཕྱོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། མའོ་ཞི་ཁོ་དང་ཀྲུང་གོས་ནམ་རྒྱུན་སྤུན་ཟླ་ལྟ་བུའི་མཛའ་བཤེས་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱས་ཡོད་པ་དང་། མའོ་ཞི་ཁོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་བར་གྱི་རིམས་འགོག་དང་སྤྱི་བའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། བསོད་ནམས་ཚེ་རིང་།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།