ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་མཱ་ཧྥུའུ་སཱ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཐབས་ལམ་མང་བོ་བརྒྱུད་དེ་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་བྱས། གྲོགས་པོ་བཟང་བོ་ནི་ང་ཚོ་རྒྱལ་ཁབ་གཉིས་དང་ཏང་གཉིས་ཀྱི་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བའི་མཚོན་རྟགས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་དགོས་མཁོ་ལྟར་དུ། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱེད་འདོད་ཡོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་བར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། སྐུ་ཞབས་ཙུང་ཐུང་གི་མགོ་ཁྲིད་འོག་ཏུ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་རིམས་འགོག་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་གྲུབ་འབྲས་བཟང་བོ་ཐོབ་པར་ཡིད་ཆེས་ཡོད། ང་ཚོས་ཨ་ཧྥེ་རི་ཁ་ལྷོ་མར་ཡོད་པའི་ཕྱི་སྡོད་ཀྲུང་གོ་བས་ཨ་ཧྥེ་རི་ཁ་ལྷོ་མའི་རིམས་འགོག་འགུལ་སྐྱོད་ལ་རོགས་འདེགས་གང་ལེགས་བྱེད་པའི་སྐུལ་མ་བཏང་བ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཁོ་ཚོའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་། ཁྲིམས་མཐུན་ཁེ་དབང་བཅས་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་བཏང་ནས། གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་ཡོད་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཚང་མར་སྐོར་ཐེངས་དགར་ནས་རིམས་འགོག་མཁོ་དངོས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱི་ཆེད་མཁས་པས་ཐེངས་མང་བོར་བརྙན་རིས་བརྗེ་རེས་སྤེལ་བ་དང་། ཀྲུང་གོའི་ཁེ་ལས་དང་ས་གནས་དམངས་ཁྲོད་ལས་ཁུངས་མང་བོས་ཀྱང་རིམས་ནད་འགོག་བཅོས་ཀྱི་མཁོ་དངོས་འདོན་སྤྲོད་བྱས་ཏེ་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ཤིང་། ཨ་ཧྥེ་རི་ཁ་གླིང་གི་རིམས་འགོག་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་བའི་འཕྲོད་བསྟེན་དང་རིམས་ནད་འགོག་བཅོས་ཚོད་འཛིན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་དང་མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བྱེད་པ་དང་། རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲུབ་འབྲས་དངོས་འབེབ་བྱེད་པ་དང་། མཉམ་དུ་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས། 

ལཱ་མཱ་ཧྥུའུ་སཱ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཚོད་འཛིན་བྱས་ཏེ་རྒྱལ་ཁབ་གཞན་པར་མིག་དཔེ་བསྟན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨ་ཧྥེ་རི་ཁ་ལྷོ་མ་དང་ཨ་ཧྥེ་རི་ཁ་གླིང་ལ་རྒྱབ་སྐྱོར་གང་མང་བྱས་པ་དང་། ཁྱད་པར་དུ་མིག་སྔའི་དཀའ་ཁག་ཆེ་བའི་དུས་སྐབས་སུ་ཨ་ཧྥེ་རི་ཁ་ལྷོ་མ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་རིམས་འགོག་ཐད་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། རོགས་སྐྱོར་དེ་ཨ་ཧྥེ་རི་ཁ་ལྷོ་མ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ང་ཚོའི་རིམས་ནད་འགོག་བཅོས་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ཡོད། ང་ཚོས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥེ་རི་ཁ་ལྷོ་མས་མུ་མཐུད་དུ་ཀྲུང་གོའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།