ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་བྱེ་བྲག་ཏུ་བཀོད་སྒྲིག་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཚེས་དགུའི་ཉིན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིན་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབ་བྱས་ཤིང་། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཕྱི་ཕྱོགས་ཀྱི་རིམས་ནད་ལ་དོགས་ཟོན་བྱེད་པ་དང་། རང་གི་མངའ་ཁོངས་སུ་རིམས་ནད་ཡང་བསྐྱར་འབྱུང་བར་དོགས་ཟོན་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱས་ཏེ་ཐོན་ལས་སླར་གསོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཟེར། 

གྲོས་ཚོགས་ནས་ཕྱི་ཕྱོགས་ཀྱི་རིམས་ནད་ལ་དོགས་ཟོན་བྱེད་པའི་གཙོ་གནད་དང་བྱེད་ཐབས་ལེགས་སྒྲིག་བྱེད་པ་དང་། མཐའ་མཚམས་ཞིང་ཆེན་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་དངོས་འབེབ་གང་ལེགས་བྱས་ཏེ། ནང་ཁུལ་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མཐའ་མཚམས་ས་ཁུལ་དང་གྲུ་ཁའི་གྲོང་ཁྱེར་གྱི་སྨན་བཅོས་དངོས་ཟོང་གསོག་གྲབས་དང་ནད་དུག་ཚད་འཇལ་ཁང་སོགས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱས་ནས། ཚད་འཇལ་ཞིབ་བཤེར་དང་གསོ་བཅོས་ནུས་པ་ཇེ་མཐོར་གཏོང་དགོས། ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་རང་རེིའི་སྤྱི་དམངས་དག་ལ་སེམས་ཁུར་བྱེད་པ་དང་ཁོ་ཚོའི་ལུས་ཕུང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་རིམས་འགོག་ཐད་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་པ་དང་། ཁོ་ཚོས་རིམས་འགོག་མཁོ་དངོས་ཉོ་བསྡུ་བྱེད་པར་སྟབས་བདེ་བཟོས་ནས་ཐོན་རྫས་ཀྱི་རྒྱུ་སྤུས་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་རང་གི་མངའ་ཁོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་ཞན་ལ་ཁ་གསབ་བྱེད་དགོས་པར་བསྟན། བརྟག་དཔྱད་ཚད་འཇལ་གྱི་ནུས་པ་ཇེ་དྲག་ཏུ་སོང་བར་གཞིགས་ཏེ། ས་ཁུལ་གཙོ་བོའི་བརྟག་དཔྱད་ཚད་འཇལ་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་སྟེ་ནད་རྟགས་མངོན་གསལ་མེད་པའི་ནད་དུག་ཕོག་མཁན་དུས་ལྟར་འཚོལ་བཤེར་བྱེད་དགོས། དེ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་དོན་དངོས་བྱེད་ཐབས་ཤིག་ཡིན་པ་དང་། རིམས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ལ། བདག་གཞན་གཉིས་ལ་ཕན་ཐོགས་ཡོད། ཡོངས་བསྒྲགས་མངོན་གསལ་དང་དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་གསལ་བོར་བསྒྲགས་པའི་རྩ་དོན་དངོས་འབེབ་ནན་མོ་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་སྡོད་ཁུལ་གྱི་རིམས་ནད་འགོ་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པའི་ཞོར་དུ་ཐོན་ལས་སླར་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁེ་ལས་དག་དཀའ་ཁག་ལས་སྒྲོལ་བར་རོགས་རམ་དང་མང་ཚོགས་ཀྱི་ལས་ཞུགས་དང་འཚོ་བ་སོགས་ཀྱི་དཀའ་ཁག་ཐག་གཅོད་བྱེད་དགོས་ཟེར། 

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། ཧོང་ཁུང་མེན། ཚེ་ཆི། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།