ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ།

ཡོང་ཁུངས། : 新华网   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནས་སྐབས་སུ་ཚོགས་དངུལ་སྤྲོད་མཚམས་འཇོག་པའི་གནས་ཚུལ་དེར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས8ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་མཉམ་ལས་ཁྲོད་མུ་མཐུད་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

 གསར་འགོད་པ་ཞིག་གིས། ཚེས7ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་བཟང་བོ་མ་སྒྲུབ་པ་དང་ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནས་སྐབས་སུ་ཚོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་ཚུལ་བསྟན་པ་ལ་ཀྲུང་གོ་ཕྱོགས་ཀྱིས་ལྟ་སྟངས་ཅི་ཞིག་བཟུང་ཡོད་དམ་ཞེས་དྲིས་པ་ན།

 ཀྲའོ་ལི་ཅན་གྱིས་བཤད་རྒྱུར། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡི་སྣེ་ཁྲིད་འོག་རང་ངོས་ཀྱི་འགན་འཁྲི་དང་དུ་ལངས་ཤིང་ཕྱི་རོལ་ཡུལ་དང་མཐུན་ལ་ཚན་རིག་དང་མཐུན་པའི་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གིས་རིམས་ནད་ལ་ཁ་གཏད་གཅོག་པ་དང་རྒྱལ་སྤྱིའི་རིམས་ནད་འགོག་པའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ཁས་ལེན་དང་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད་ཅེས་བཤད།

 ཁོང་གིས་དེ་སྔོན་མཇུག་སྒྲིལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ཐོག་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ཐད་ཀྱི་འགན་འཁྲི་སྔར་ལས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད་ཁས་ལེན་ཡང་བྱེད་དགོས་ཞེས་གསལ་བསྒྲགས་སྤེལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་མཉམ་ལས་ཁྲོད་མུ་མཐུད་དུ་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།

“མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་མགྱོགས་མྱུར་ངང་མཆེད་པའི་དུས་སྐབས་སུ་ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནས་སྐབས་སུ་ཚོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་པ་དེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུན་གཏན་འཁོར་རྒྱུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་དང་རྒྱལ་སྤྱིའི་རིམས་ནད་འགོག་སེལ་མཉམ་ལས་ལ་གེགས་རྐྱེན་བཟོས་ཡོད་པ་རེད། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ”ཅེས་ཀྲའོ་ལི་ཅན་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།