ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས7ཉིན་གྱི་ཕྱི་དྲོར་ཁ་ཆད་ལྟར་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་ལ་ཁ་པར་བཏང་།
ལིས་ཁི་ཆང་གིས་དེང་སྐབས་ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་ཚང་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་དམ་ཟབ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། རིམས་ནད་ཀྱི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་བར་རྒྱབ་སྐྱོར་དང་རོགས་རམ་བྱས་ཤིང་ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་ཀྱིས་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྒྲུབ་དང་སྐྱེལ་འདྲེན་ཐད་སྟབས་བདེ་གང་ལེགས་སྐྲུན་པ་མ་ཟད། ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཚད་ལ་མུ་མཐུད་དུ་ནན་སྲུང་བྱས་པ་ཡིན། ཧོ་ལན་ཕྱོགས་ཀྱིས་ཧོ་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་ཕྱི་འགྲིམ་སློབ་མའི་བདེ་འཇགས་དང་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་རོགས་ཞེས་གསུང་བ་རེད།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་ཚང་མས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མིག་སྔར་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་དང་བདེ་འཇགས་ཡོང་བར་སྲུང་སྐྱོང་དང་། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད་ཐུབ་པར་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།
ལུའེ་ཐེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་དང་སྟབས་བདེ་སྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལས་ཕྱོགས་གཉིས་པོའི་དཔུང་པ་མཉམ་གཤིབ་དང་དུས་ངལ་མཉམ་སེལ་གྱི་མཛའ་གྲོགས་འབྲེལ་བ་མཚོན་ཡོད། ཧོ་ལན་གྱིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་རིམས་འགོག་དངོས་རྫས་ཀྱི་སྤུས་ཚད་ལ་ཡིད་ཆེས་བརྟན་པོ་ཡོད་ལ་ཧོ་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བར་འགན་ལེན་ཡག་པོ་བྱེད་ཀྱིན་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་དང་ཧོ་ལི་ཧྥུང་གཉིས་ཀྱང་གོང་གསལ་གྱི་བྱེད་སྒོར་ཞུགས། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ལིས་ཁི་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་ལ་ཁ་པར་བཏང་བ།