ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་མུ་མཐུད་དུ་རྒྱ་ཡན་ལ་འགྲོ་བཞིན་ཡོད་པས་ཕྱིར་འགྲོ་ནང་གཏོང་རྒྱུ་ལམ་ལ་དོ་དམ་ནན་མོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རིམས་ནད་ཀྱི་གནས་ཚུལ་གསར་བ་དང་ཁྲིམས་ལྟར་ནད་པ་ཕྱི་ཡོང་ལ་བཀག་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས། 

ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཅིག་བདུན་བརྒྱ་བརྒྱད་ཡོད་པ་དང་། དེའི་ནང་རིམ་རྩིས་ཀྱིས་ཕྱི་ཡོང་ནད་པ་དགུ་བརྒྱ་དང་ང་གཅིག་ཡོད། ཉིན་གཅིག་རིང་ནད་པ་སོ་དགུ་ཇེ་མང་དུ་སོང་བ་དང་། དེའི་ནང་ཕྱི་ཡོང་ནད་པ་སོ་བརྒྱད་དང་ཀོང་ཏུང་གི་ནད་པ་གཅིག་འདུས། ད་ལྟ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་གོ་དགུ་ཡོད་པ་དང་། དེའི་ནང་ནད་པ་ཉིས་བརྒྱ་དང་རེ་ལྔ་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་སུམ་བརྒྱ་སོ་གཅིག་རྐྱེན་ལམ་དུ་ཤོར། ཉིན་དེར་ཧུའུ་པེ་ཞིང་ཆེན་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཇེ་མང་དུ་སོང་། རིམ་རྩིས་ཀྱིས་ནད་པ་ཁྲི་བདུན་དང་སྟོང་བདུན་དོན་བརྒྱད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད། ཉིན་དེར་དོགས་ཡོད་ནད་པ་བརྒྱ་དང་བཅུ་བཞིར་འཕར་ཡོད། ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། ད་ཡོད་ཀྱི་ཕྱི་ཡོང་ནད་པ་དྲུག་བརྒྱ་དང་གོ་གསུམ་ཡོད། དེའི་ནང་ནད་པ་ལྗིད་མོ་ཉེར་གཉིས་ཡོད། ད་ཡོད་ཀྱི་ཕྱི་ཡོང་དོགས་ཡོད་ནད་པ་གྱ་བརྒྱད་ཡོད། རིམ་རྩིས་ཀྱིས་ནད་པ་ཉིས་བརྒྱ་དང་ང་བརྒྱད་དྲག་སྐྱེད་བྱུང་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་གཅིག་ཀྱང་མེད། ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། གསོ་རིག་བརྟག་དཔྱད་དང་ལེན་བྱས་པའི་ནད་རྟགས་མངོན་གསལ་མེད་པའི་ནད་པ་དོན་བརྒྱད་ཇེ་མང་དུ་སོང་བ་དང་། དེའི་ནང་ཕྱི་ཡོང་ནད་པ་བཞི་བཅུ་འདུས། ཉིན་དེར་ནད་བརྟག་ཁས་ལེན་བྱས་པའི་ནད་པ་ལྔ་ཡོད་པ་དང་ཚང་མ་ཕྱི་ཡོང་ནད་པ་རེད། ཉིན་དེར་གསོ་རིག་བརྟག་དཔྱད་ལས་དོགས་གཞི་སེལ་བའི་ནད་པ་ལྔ་བཅུ་ཡོད་ལ། དེའི་ནང་ཕྱི་ཡོང་ནད་པ་བཞི་འདུས། གསོ་རིག་བརྟག་དཔྱད་དང་ལེན་བྱེད་བཞིན་པའི་ནད་རྟགས་མངོན་གསལ་མེད་པའི་ནད་པ་སྟོང་གཅིག་དང་ཞེ་བདུན་ཡོད་པ་དང་། དེའི་ནང་ཕྱི་ཡོང་ནད་པ་ཉིས་བརྒྱ་དང་དོན་ལྔ་འདུས། 

སྒོ་ཁྲལ་སྤྱི་ཁྱབ་ཁང་དང་། རྒྱལ་ཁབ་གནས་སྤོར་སྡོད་དམངས་དོ་དམ་ཅུའུ། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་བཅས་ཀྱིས་མཚམས་སྦྱོར་བྱས་དོན། དགོས་མེད་ཀྱི་འགྲོ་འོང་བྱ་འགུལ་ལ་ཚོད་འཛིན་ནན་མོ་དང་། ཕྱི་འགྲོ་ནང་གཏོང་གི་རྒྱུ་ལམ་དང་གྲུ་ཁར་དོ་དམ་ནན་མོ་བྱེད་རྒྱུ་ཡིན། ནད་རྟགས་གསང་རྒྱ་བྱས་པ་སོགས་ཀྱི་བྱ་སྤྱོད་ལྡན་པའི་ཕྱི་ཡོང་མི་སྣར་བྱེད་ཐབས་སྣ་ཚོགས་ཀྱི་ཆད་གཅོད་ཤུགས་ཚད་ཇེ་ཆེར་གཏོང་དགོས། མིག་སྔར་དམངས་སྤྱོད་མཁའ་འགྲུལ་ལས་གནས་སྐབས་ཀྱི་གནམ་གྲུ་གཏོང་ཐེངས་བཅུ་གཅིག་བཀོད་སྒྲིག་བྱས་ཏེ། ཀྲུང་གོའི་སྤྱི་དམངས་སྟོང་གཅིག་དང་བརྒྱད་བརྒྱ་ཉེར་བདུན་ཕྱིར་རྒྱལ་ནང་དུ་ཁྲིད་ཡོང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།